ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་ལ་ཧོང་ཀོང་ནང་ངོ་རྒོལ་ཤུགས་ཆེན་བྱས་འདུག

2019-06-10
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་མི་གྲངས་ས་ཡ་ལྷག་གིས་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༦།༩
ཧོང་ཀོང་ནང་མི་གྲངས་ས་ཡ་ལྷག་གིས་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༦།༩
AFP

ཧོང་ཀོང་ནང་མི་གྲངས་ས་ཡ་ལྷག་གིས་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་ལ་བསྐྱར་བཅོས་བྱ་རྒྱུར་ངོ་རྒོལ་བྱས་འདུག
ཧོང་ཀོང་དམིགས་བསལ་ས་གནས་གཞུང་གིས་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་ལ་བསྐྱར་བཅོས་བྱ་རྒྱུར་ཧོང་ཀོང་མི་མང་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་ནའང་ཚེས་༡༠་ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་སྲིད་གཞུང་གི་གཏན་འབེབས་བྱ་རྒྱུའི་ཁྲིམས་གཞིར་རྒྱབ་སྐྱོར་ཤུགས་ཆེ་ཡོད་ལུགས་བརྗོད་པ་དང་ཆབས་ཅིག་གནད་དོན་དེའི་ཐད་ཕྱི་ཕྱོགས་ཀྱི་ཐེ་ཇུས་རིགས་ལ་སྐྱོན་བརྗོད་ཡོད་ཅེས་བརྗོད་འདུག
ཕྱི་ཚེས་༩ཉིན་ཧོང་ཀོང་དམངས་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྣེ་ཁྲིད་འོག་སྤེལ་བའི་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་ངོ་རྒོལ་གྱི་ལས་འགུལ་ནང་ཧོང་ཀོང་གྲོང་མི་ས་ཡ་གཅིག་ལྷག་མཉམ་བཞུགས་བྱས་ཡོད་པ་དང་། དེ་ནི་ཕྱི་ལོ་༡༩༩༧ལོར་ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་པའི་རྗེས་ཧོང་ཀོང་ནང་བྱུང་བའི་གཞི་རྒྱ་ཆེ་ཤོས་ཀྱི་ངོ་རྒོལ་རྔམ་སྟོན་གྱི་ཤིག་ཡིན། ཡིན་ནའི་ཧོང་ཀོང་ཉེན་རྟོག་པས་ངོ་རྒོལ་རྔམ་སྟོན་ནང་བཞུགས་མཁན་མི་གྲངས་ཁྲི་ཉི་ཤུ་རྩ་བཞི་ལྷག་ཙམ་ཡོད་ལུགས་བརྗོད་ཡོད་འདུག
ངོ་རྒོལ་རྔམ་སྟོན་ནང་ཞུགས་མཁན་མང་ཆེ་བས་ལུས་ལ་གྱོན་གོས་དཀར་པོ་དང་ལག་ཏུ་ཉི་གདུགས་སེར་པོ་འཁྱེར་ཡོད་པའི་ཁར་། རྒྱ་ནག་ལ་མི་རྩིས་སྤྲོད་བྱ་རྒྱུར་ངོ་རྒོལ་དང་། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་འགན་འཛིན་ལས་གནས་ནས་ཕྱིར་ཤོལ་བྱ་དགོས་པ་སོགས་ཀྱི་བརྗོད་ཚིག་འཁོད་པའི་འཕྲེད་དར་དང་སྦྱར་ཡིག་འཁྱེར་ཡོད། ཡིན་ནའི་ངོ་རྒོལ་བྱེད་པའི་རྒྱུད་རིམ་ནང་ཁ་རས་རྒྱབ་པའི་སྐྱེས་པ་ཁག་ཅིག་འདོན་ནས་ལམ་ཆེན་ཁ་ཤས་དང་གྲོས་ཚོགས་ཀྱི་སྒོ་འགྲམ་དུ་ལམ་ཁ་སོགས་བཀག་རྩིས་བྱས་ནས་ཉེན་རྟོག་པ་དང་ཕྲན་བུའི་གདོང་ཐུག་བྱུང་བའི་རྗེས་བྲོས་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད།
ད་རེས་ཧོང་ཀོང་མི་མང་ས་ཡ་གཅིག་ལྷག་ཁྲོམ་གཞུང་དུ་ཐོན་ནས་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་ཤུགས་ཆེའི་ངོ་རྒོལ་གྱི་རྣམ་འགྱུར་བཏོན་པ་དེའི་ཐོག་ནས་ཧོང་ཀོང་མི་མང་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་པའི་རྣམ་འགྱུར་གསལ་པོ་མཚོན་ཐུབ་ཡོད་པ་རེད། ཡིན་ན་ཡང་གཟའ་ཟླ་བའི་ཉིན་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་འགན་འཛིན་(Carrie Lam)ཀྱིས་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུ་ཕྱིར་ཐེན་བྱ་རྒྱུ་མིན་ལུགས་བཤད་ཡོད་ཅིང་། དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱ་རྒྱུ་གཟའ་ཟླ་བའི་ཉིན་བརྗོད་ནས་ཧོང་ཀོང་མི་མང་གིས་ངོ་རྒོལ་བྱེད་མིན་ལ་མ་བལྟོས་བར་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་རྣམ་འགྱུར་གསལ་པོ་བཏོན་ཡོད་པ་རེད། ད་ལྟའི་ཆར་ཧོང་ཀོང་དང་རྒྱལ་ཁབ་ཉི་ཤུའི་དབར་ཉེས་ཅན་པ་རྩིས་སྤྲོད་ཀྱི་གྲོས་མཐུན་བཞག་ཡོད་པ་དང་། ཡིན་ན་ཡང་རྒྱ་ནག་གཞུང་དང་ཉེས་ཅན་པ་རྩིས་སྤྲོད་ཀྱི་གྲོས་མཐུན་མེད་པར་བརྟེན་ད་རེས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་གཏན་འབེབས་བྱེད་འཆར་ཡོད་པའི་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་དེ་བཞིན་ཧོང་ཀོང་ནས་རྒྱ་ནག་ལ་ཉེས་ཅན་པ་རྩིས་སྤྲོད་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ཡིན་སྟབས། མ་འོངས་ཧོང་ཀོང་མི་སེར་དང་ཕྱི་རྒྱལ་མི་རིགས་སུ་འདྲ་ཞིག་ཡིན་ཡང་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་གིས་འཇུ་བཟུང་བྱ་འདོད་པའི་མི་ཞིག་ཡིན་ཚེ་ཧོང་ཀོང་ས་གནས་གཞུང་གིས་ཉེས་ཅན་པར་དོགས་གཞི་ཡོད་པའི་མིང་ཐོག་ནས་རྒྱ་ནག་རྩིས་སྤྲོད་བྱ་སྲིད་པར་ཚང་མར་སེམས་ཚབ་ཡོད་པར་བརྟེན་ནས་ཁྲིམས་ལུགས་དེ་གཏན་འབེབས་བྱ་རྒྱུར་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།