ཧོང་ཀོང་གི་སློབ་ཆེན་སློབ་མ་མང་པོས་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱེད་རྒྱུ་བསྒྲགས་འདུག
2019.08.22
ཧོང་ཀོང་ནང་གི་སློབ་ཆེན་སློབ་མ་ཚོས་སློབ་དུས་གསར་པ་འགོ་ཚུགས་པའི་བདུན་ཕྲག་གཉིས་རིང་ས་གནས་གཞུང་ལ་ངོ་རྒོལ་མུ་མཐུད་བྱ་རྒྱུ་ཡིན་པ་བརྗོད་འདུག
ཧོང་ཀོང་ནང་ཟླ་བ་གཉིས་ལྷག་ཙམ་རིང་མི་དམངས་ཁྲི་ཚོ་མང་པོས་བསྟུད་མར་སྲང་ལམ་ཁག་དུ་ས་གནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་ནང་ནས་མང་ཆེ་བ་ནི་སློབ་གྲ་ཆེན་མོ་ཁག་གི་སློབ་ཕྲུག་ཡིན་པ་རེད།
མི་རིང་བའི་སྤྱི་ཟླ་དགུ་པའི་ནང་སློབ་གྲྭ་ཆེན་མོ་ཁག་གི་སློབ་དུས་གསར་པ་འགོ་འཛུགས་ནས་སློབ་མ་ཚོ་སློབ་གྲྭར་བསྐྱོད་དགོས་ཀྱི་ཡོད་ཀྱང་། འདི་ཚེས་༢༡་རེས་གཟའ་ཕུར་བུའི་ཉིན། ཧོང་ཀོང་གི་སློབ་གྲྭ་ཆེན་མོ་ཕལ་ཆེ་བའི་སློབ་མ་ཚོས་འགོ་ཁྲིད་ནས་ཟླ་༩་པའི་ཚེས་༢་ཉིན་ནས་ཕྱི་ཚེས་༡༣་བར་གཟའ་འཁོར་གཉིས་ཀྱི་རིང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་དང་། དེའི་རིང་འཛིན་གྲྭར་བསྐྱོད་རྒྱུ་མིན་པ་སོགས་གསལ་བསྒྲགས་སྤེལ་འདུག
ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་ཚབ་(Davin Wong)་ཞུ་བས། སྲིད་གཞུང་ལ་བདུན་ཕྲག་གཉིས་ཀྱི་རིང་དུས་ཚོད་སྤྲད་པ་ཡིན་ན་བསམ་བློ་བཏང་རྒྱུའི་དུས་ཚོད་འདེང་ངེས་ཤིག་ཡོད་རེད། གལ་སྲིད་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་ཡིན་ན་དེས་རང་བཞིན་མེད་པར་ངོ་རྒོལ་བྱེད་མཁན་གྱི་སློབ་མ་ཡང་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་རེད་ཅེས་གསུང་འདུག
ད་དུང་ཁོང་གིས་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་ག་རེ་ལྷག་ཡོད་མེད་དང་། ང་ཚོས་གྲོང་ཁྱེར་ཀྱི་མ་འོངས་པའི་ཆེད་དུ་ག་རེ་གནང་ཐུབ་མིན་གྱི་སྐོར་སློབ་མ་ཚོ་རང་ངོས་ནས་དུས་ཚོད་བཏོན་ནས་བསམ་བཞེས་གནང་དགོས་པ་ཞིག་རེད་ཅེས་གསུང་འདུག
ཧོང་ཀོང་ནང་གི་ངོ་རྒོལ་གྱི་ལས་འགུལ་བྱུང་རྐྱེན་གཙོ་བོ་དེ་ཧོང་ཀོང་སྲིད་གཞུང་གིས་དོགས་ཡོད་ཉེས་ཅན་པ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱེད་རྒྱུའི་ཁྲིམས་འཆར་བཏོན་པའི་རྗེས་བྱུང་བ་ཞིག་ཡིན་ན་ཡང་། རིམ་བཞིན་ངོ་རྒོལ་དེ་བཞིན་དམངས་གཙོ་ལ་རྒྱབ་སྐྱོར་གྱིས་སྐབས་རེར་མི་ས་ཡ་བརྒལ་བ་མཉམ་ཞུགས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་ཆགས་ཡོད་པ་རེད།
ད་ལྟའི་སྐབས་སུ་ངོ་རྒོལ་བ་ཚོས་དགོས་འདུན་ཁག་ལྔ་བཏོན་གྱི་ཡོད་པའི་ནང་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་རྩ་མེད་དུ་བཟོ་དགོས་རྒྱུ་དང་། ཧོང་ཀོང་མི་དམངས་མི་རེ་ངོ་རེ་ལ་འོས་རེ་བླུགས་ཆོག་པའི་འོས་བསྡུའི་ཐོབ་ཐང་དགོས་པ་སོགས་དགོས་འདུན་ལྔ་བཏོན་གནང་ཡོད་པ་རེད།
གལ་སྲིད་ཧོང་ཀོང་སྲིད་གཞུང་གིས་མི་མང་གི་དགོས་འདུན་ལ་ཡ་ལན་མ་གནང་བ་ཡིན་ན་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་རྒྱུ་མིན་པའི་སྐོར་བརྗོད་འདུག