བྷོ་ཚི་ཝ་ནའི་གཞུང་གིས་༧གོང་ས་མཆོག་གདན་ཞུ་གནང་མེད་པ་བརྗོད་འདུག
2017.07.28
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མར་ཨ་ཧྥི་རི་ཀའི་རྒྱལ་ཁབ་(Botswana)་ར་ཆིབས་བསྒྱུར་བསྐྱོངས་གནང་མཛད་ཀྱི་ཡོད་པ་དེར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་རུང་། ཡུལ་དེའི་སྲིད་གཞུང་གིས་༧གོང་ས་མཆོག་ལ་གདན་ཞུ་ཕུལ་མེད་སྐོར་གསུངས་འདུག
དེ་ཡང་(Botswana)་འི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་(Gaeimelwe Goitsemang)་ཡིས། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་ནི་སྐུ་སྒེར་གྱི་ཆིབས་བསྒྱུར་ཞིག་ཡིན་པ་ལས་གཞུང་
ཕྱོགས་ནས་གདན་ཞུ་ཕུལ་མེད་སྐོར་ཟླ་བ་སྔོན་མའི་ནང་གསུངས་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མར་(Botswana)འི་རྒྱལ་ས་(Gaborone)་དུ་སེམས་དང་སྲོག་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཞིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱོངས་གནང་མཛད་ཀྱི་ཡོད་པ་མ་ཟད། ཡུལ་དེའི་སྲིད་འཛིན་(Ian Khama)་མཆོག་དང་མཇལ་འཕྲད་གནང་སྲིད་པ་རེད།
ཆིབས་བསྒྱུར་གྱི་དུས་ཚོད་ཉེ་རུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གིས་(Botswana)་ར་ཉེན་བརྡ་གཏོང་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། པེ་ཅིང་དུ་འཆར་ཅན་བདུན་རེའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lu Kang)་གིས། འབྲེལ་ཡོད་རྒྱལ་ཁབ་ནས་རྒྱ་ནག་གི་ཁེ་ཕན་གཙོ་བོར་གུས་བརྩི་དང་འབྲེལ་༧ཏཱ་ལའི་བླ་མ་གདན་ཞུ་དང་འབྲེལ་བའི་གནད་དོན་ཐོག་ནོར་འཁྲུལ་མ་ཤོར་བའི་ཆབ་སྲིད་ཀྱི་ཐག་གཅོད་བྱེད་དགོས་ཀྱི་རེད་ཅེས་མཐའ་ཚིག་བསྒྲགས་འདུག
(Quartz Africa)་གསར་ལམ་ནང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་(Botswana)་རྒྱལ་ཁབ་ནང་ཚོང་ལས་དང་མ་རྩ་འཛུགས་འཇོག་བྱེད་ཚད་ཧ་ཅང་མཐོ་པོ་ཡོད་པ་དེར། ༧གོང་ས་མཆོག་གི་ཆིབས་བསྒྱུར་གྱིས་དོ་ཕོག་ཐེབས་སྲིད་རྒྱུའི་ཉེན་ཁ་ཡོད་ནའང་། ཁུལ་དེའི་ནང་རྒྱ་མི་རིགས་ཚོང་པ་ཆེ་ཆུང་མང་པོ་ཡོད་པ་མ་ཚད། རྒྱ་ནག་གི་ཁེ་གཉེར་ལས་ཁང་མང་པོས་ཁུལ་དེའི་ནང་ཨར་ལས་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་མང་པོ་ཞིག་འགན་གཙང་ལེན་བཞིན་ཡོད་པ་རེད།
(Botswana)་རྒྱལ་ཁབ་ནང་གི་མི་མང་ཚོས་རྒྱ་ནག་གི་འཛུགས་སྐྲུན་བྱས་པའི་གཞུང་ལམ་ལ་སོགས་པའི་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་དེ་ཚོའི་སྤུས་ཚད་སྐྱོ་པོ་ཡོད་པ་དང་། མ་རྩ་འཛུགས་འཇོག་གི་ལས་འཆར་མང་པོའི་མཇུག་མ་བསྐྱལ་བར་བཞག་པ་དེ་བཞིན་ས་གནས་ཚོང་པ་ཚོར་རྒྱ་མི་རིགས་ཚོང་ལས་བྱེད་མཁན་ཚོ་ནས་འགྲན་བསྡུར་ཤུགས་ཆེ་ཡོང་བཞིན་པའི་འཚོ་ཐབས་ཐོག་དཀའ་ངལ་འདྲ་མིན་འཕྲད་བཞིན་པའི་རྐྱེན་གྱིས་དོན་དངོས་ཐོག་རྒྱ་ནག་དང་(Botswana)་གཉིས་དབར་གྱི་འབྲེལ་ལམ་ལ་དཀའ་ནད་འཕྲད་བཞིན་པ་རེད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།