ཅི་ཡིན་མི་ཤེས་པའི་འཕྲུལ་ཆས་ཀྱི་ཆག་རོ་ཞིག་གནམ་ནས་ལྷུང་འདུག


2016-11-11
Share
མཚོ་སྔོན་ཐེམ་ཆེན་རྫོང་གི་ས་ཐོག་ཏུ་ཅི་ཡིན་མི་ཤེས་པའི་འཕྲུལ་ཆས་ཀྱི་ཆག་རོ་ཆེན་པོ་ཞིག་ལྷུང་ཡུལ། ༢༠༡༦།༡༡།༩ མཚོ་སྔོན་ཐེམ་ཆེན་རྫོང་གི་ས་ཐོག་ཏུ་ཅི་ཡིན་མི་ཤེས་པའི་འཕྲུལ་ཆས་ཀྱི་ཆག་རོ་ཆེན་པོ་ཞིག་ལྷུང་ཡུལ། ༢༠༡༦།༡༡།༩
བོད་འབྱོར།

མཚོ་སྔོན་ཐེམ་ཆེན་རྫོང་གི་ས་ཐོག་ཏུ་ཅི་ཡིན་མི་ཤེས་པའི་འཕྲུལ་ཆས་ཀྱི་ཆག་རོ་ཆེན་པོ་ཞིག་ལྷུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་ཚེས་༩་ཉིན་གྱི་ཞོགས་པར་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་འབྲུག་ཁྱུང་ཡུལ་ཚོའི་རྐང་གདོང་སྡེ་བའི་འབྲོག་པའི་དགུན་ས་ཞིག་ཏུ། ཅི་ཡིན་མི་ཤེས་པའི་འཕྲུལ་ཆས་ཀྱི་ཆག་རོ་ཞིག་གནམ་ནས་ལྷུང་ཡོད་པ་ས་གནས་བོད་མི་ཞིག་གིས་བརྗོད་ཡོད་ལ། དངོས་པོ་དེ་འབྲོག་པའི་དགུན་སའི་མི་མེད་སར་ལྷུང་ཡོད་པས་མི་དང་ཕྱུགས་ཟོག་ལ་གནོད་འཚེ་གང་ཡང་བྱུང་མེད་ལ། ཚེས་༡༠་ཉིན་རྫོང་དང་ཁུལ་གྱི་རྒྱ་ནག་གི་ལས་བྱེད་ཡོང་ནས་རྫོང་ཐོག་ཏུ་རླངས་འཁོར་ནང་འདྲུད་ཡོད་ཀྱང་། ཅི་ཡིན་མང་ཚོགས་ལ་གསལ་བཤད་བྱས་མེད་ཟེར།
དེ་བཞིན་ཉིན་དེའི་ཞོགས་པར་རྫོང་ཐོག་ནས་བྱིས་པ་སློབ་གྲྭར་སྐྱེལ་མཁན་བོད་མི་ཁ་ཤས་ནས་ཀྱང་ནམ་མཁའ་ནས་དུ་བ་འཕྱོ་བའི་དངོས་པོ་ཞིག་བསྐྱོད་བཞིན་པ་མཐོང་ཡོད་པ་པར་བརྒྱབ་ཡོད་པ་རེད། ས་གནས་བོད་མི་ཚོས་དེ་ནི་རྒྱ་ནག་གིས་བོད་ཀྱི་ས་ཁུལ་མང་པོ་ནས་མེ་ཤུགས་འཕུར་མདའ་སོགས་ཚོད་ལྟ་བྱེད་བཞིན་པ་དེ་ལེགས་འགྲུབ་མ་བྱུང་བའི་ཆག་རོ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག
དེ་བཞིན་ཟླ་བ་འདིའི་ཚེས་༡༡ཉིན་རྦས་རྦས་སིའི་(BBC)་ནང་གནས་ཚུལ་ཐོན་པ་ལྟར་ན། ཚེས་༡༠་ཉིན་རྒྱ་ཡིག་ཡོད་པའི་གནམ་གྲུའམ་ཡང་ན་འཁོར་སྐར་གྱི་ཆག་རོ་ཡིན་སྲིད་པའི་ལྕགས་རིགས་ཆག་རོ་གཉིས་འབར་མའི་བྱང་ཕྱོགས་ཁི་ཆེན་མངའ་སྡེའི་ཞིང་གྲོང་ཞིག་ཏུ་ལྷུང་ཡོད་པ་དང་། འབར་མའི་གཞུང་གི་དམག་ཕྱོགས་ནས་ལྕགས་རིགས་ཆག་རོ་དེ་དག་གི་གཅིག་གི་ཚངས་ཐིག་ལ་ཨིན་ཆི་༤ནས་༡༥་བར་ཡོད་དང་། གཅིག་གི་ཚངས་ཐིག་ཨིན་ཆི་གོར་ཐིག་དང་གྲངས་ཆུང་བརྒྱད་དང་། རིང་ཚད་ལ་ཨིན་ཆི་༤་དང་གྲངས་ཆུང་དྲུག་ཡོད་པ་བརྗོད་འདུག
དེ་མིན་ཟླ་བ་འདིའི་ཚེས་༩ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། པེ་ཅིན་ཕྱོགས་ནས་ཉེ་ཆར་མིའི་བཟོས་སྐར་ཞིག་གནམ་ལ་བཏང་ཡོད་པ་བརྗོད་ཡོད་ཀྱང་། ད་ལྟ་འབར་མ་དང་བོད་ནང་ལྷུང་བའི་ལྕགས་རིགས་ཆག་རོ་དེ་དག་བར་འབྲེལ་བ་ཡོད་མེད་གསལ་ཆ་མེད།

གསར་འགོད་པ་ལྕགས་མོ་འཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎