བོད་ནང་སློབ་མ་མང་པོ་གསོ་སྐྱོང་གནང་མཁན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་དུ་གྱུར་འདུག
དེ་ཡང་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ནས་འབྲེལ་ཡོད་མི་ཁག་ཅིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་པའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། བོད་ཀྱི་ས་ཁུལ་གང་སར་ཡོད་པའི་ཁོང་གི་དད་ལྡན་པ་རྣམས་ཀྱིས་སེམས་འཚབ་ཆེན་པོས་ཁོང་གི་གནས་སྟངས་རྩད་གཅོད་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འདིའི་ཐད་མཚོ་སྔོན་ཡུལ་ཤུལ་ནས་ཡིན་པ་མིང་ངོ་སྤྲོད་གནང་འདོད་མེད་པའི་བོད་མི་ཞིག་གིས་གསུང་ན། འདི་ལོའི་ཕྱི་ཟླ་ ༨ པའི་ནང་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་མགོ་ལོག་ནས་མཇལ་བྱུང་ཡང་། ད་ལྟ་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་དང་། དེ་བཞིན་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། མཆོག་སྤྲུལ་ཧཱུཾ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ཕྱི་ཟླ་ ༡༡ ཟླ་མགོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་མང་ཁྲོད་གླེང་སློང་ཤུགས་ཆེ་བྱུང་བཞིན་པ་ལྟར། རྒྱ་ནག་གཞུང་གིས་ཁོང་གི་དགོན་པ་ལུང་སྔོན་དགོན་དང་ལྷ་སྡེ་མི་དམངས་ལ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བཤད་མི་ཆོག་པ་དང་། དེ་བཞིན་ཁོང་གི་བཀའ་སློབ་ཀྱི་བརྙན་དང་སྒྲ་སོགས་ཡར་མར་བརྒྱུད་སྤེལ་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་འདི་དང་འབྲེལ་ཨ་རིའི་ནང་བཅའ་བཞུགས་རྙིང་མའི་བླ་ཆེན་ཞིག་གིས་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་གི་སྙན་གྲགས་ཆེ་བའི་རྙིང་མའི་བླ་ཆེན་སྐུ་གསུམ་གླིང་པའི་སྲས་ཡིན་པ་དང་། ཡབ་ཀྱི་མཚན་ཆ་ཚང་ལ་གཏེར་སྟོན་ཨོ་རྒྱན་སྐུ་གསུམ་གླིང་པའམ། པདྨ་གཏུམ་དྲག་རོལ་པའི་རྡོ་རྗེ་ཞུ་བ་དང་། དེ་སྔ་བོད་ནང་དུ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་དང་། རྒྱ་གར་ནང་གི་ནང་པའི་གནས་ཆེན་རྡོ་རྗེ་གདན་དུ་མཆོད་རྟེན། ཝ་ར་ཎ་སིར་མཆོད་རྟེན་སོགས་བཞེངས་ཤིང་བོད་ནང་འགྲོ་དོན་ཆེན་པོ་མཛད་ཡོད་པ་དང་། དེ་སྔ་སྐབས་རེར་ཨ་རིར་ཕེབས་ཀྱི་ཡོད་ཅིང་། ད་ཆ་དགོངས་པ་རྫོགས་ཚར་བ་རེད་ཅེས་གསུང་བྱུང་ལ།
དེ་བཞིན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་དེ་སྔ་རྒྱ་གར་གྱི་འབྲས་སྤུངས་དགོན་ནས་སློབ་གཉེར་གནང་སྟེ་ཕྱིར་བོད་ལ་ཕེབས་ཡོད་པ་དང་། དེ་སྔ་ཁོང་ཡང་ཨ་རིར་ཕེབས་མྱོང་ཡོད་ལ། ཁོང་གིས་ཀྱང་ཡབ་དམ་པ་ལྟར་བོད་ནང་འགྲོ་དོན་ཆེན་པོ་སྐྱོང་གནང་གི་ཡོད་པ་དེ་སྔ་ ༢༠༠༦ ལོ་ཡས་མས་ནས་གོ་ཐོས་བྱུང་བ་འགྲེལ་བརྗོད་གནང་བ་དང་འབྲེལ། ཁོང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་གོ་ཐོས་མ་བྱུང་མོད། ཡིན་ནའང་གནས་ཚུལ་དེ་ཕལ་ཆེར་བདེན་པ་ཡིན་རྒྱུ་རེད། དེང་སང་བོད་ནང་ཕྱག་ལས་ཤུགས་ཆེན་པོ་གནང་མཁན་གྱི་བླ་ཆེན་རྣམ་པར་ནམ་རྒྱུན་ནས་རྒྱ་ནག་གཞུང་གིས་བལྟས་ནས་སྡོད་ཡོད་པས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། དཔེར་ན། ལོ་ཤས་སྔོན་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་ཡང་སྲིད་གློ་བུར་དུ་དགོངས་པ་རྫོགས་པའི་ཐད་ལ་ཡང་དོགས་གཞི་ཆེན་པོ་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས། དེང་སྐབས་བོད་ནང་དུ་ཤུགས་རྐྱེན་ཆེ་བའི་བླ་ཆེན་མང་པོ་མཚན་གུང་ལ་གསང་བའི་ཐོག་བཙན་འཁྲིད་ཀྱིས་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་པ་བོད་ཀྱི་ས་ཁུལ་གང་སར་གོ་རྒྱུ་ཡོད་པ་དང་། དེར་བརྟེན་མི་མང་ནང་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནས་སྟངས་ལ་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དྲྭ་ཐོག་ཏུ་བཀོད་པའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་ལོ་རྒྱུས་ལྟར་ན། ཁོང་ནི་ཕྱི་ལོ་ ༡༩༦༩ ལོར་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་སུ་ཡབ་སྙིགས་དུས་འགྲོ་བའི་འདྲེན་མཆོག་གཏེར་ཆེན་བླ་མ་རིན་པོ་ཆེ་༧པདྨ་གཏུམ་དྲག་རྡོ་རྗེ་མཆོག་དང་། ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ལུང་སྔོན་དགོན་པ་ནས་ཐུན་མིན་རིག་གནས་སྤྱི་དང་ཐུན་མིན་ནང་བསྟན་ཆོས་གཞུང་དག་ལ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༤ བར་འབྲས་སྤུངས་དགོན་པར་སློབ་གཉེར་གནང་སྟེ་རབ་འབྱམས་མཁས་པའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༥ ནས་ ༡༩༩༧ བར་ཨ་རིར་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན་ནས་སློབ་སྦྱོང་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༠༢ ལོ་ནས་སྲིད་གཞུང་གི་ཆོག་མཆན་ལྟར་ལུང་སྔོན་དགོན་པའི་གདན་རབས་བཅུ་པར་མངའ་གསོལ་ཁྲི་འདོན་མཛད་ཅིང་།
ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་པེ་ཅིན་མཐོ་སློབ་ཀྱི་མཚན་ཉིད་རིག་པའི་སྡེ་ཚན་ཏེ་འཛམ་གླིང་ཆོས་ལུགས་ཀྱི་ཞིབ་འཇུག་ཐོག་ལ་སློབ་སྦྱོང་གནང་ཡོད་པ་རེད།
ཁོང་གིས་ཕྱི་ལོ་ ༢༠༠༤ ལོར་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་ཚོགས་པ་བཙུགས་པ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་ཁུལ་སྲིད་གཞུང་དང་སློབ་གསོ་ཅུའུ་ཡི་ཆོག་མཆན་ལྟར་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུཾ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་སློབ་མ་མང་པོར་རིན་མེད་ཐོག་གསོ་སྐྱོང་གནང་ཡོད་པ་སོགས་བཀོད་འདུག
ཧཱུཾ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭའི་མིང་གཞན་ལ་རྡོ་རྗེ་ལྡན་ལག་རྩལ་སློབ་གྲྭ་ཞེས་འབོད་ཅིང་། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༡ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བཙན་དབང་གིས་སྒོ་རྒྱག་དགོས་པར་སྐུལ་བའི་བོད་ཁུལ་གྱི་སྒེར་གཉེར་གྱི་སློབ་གྲྭའི་ཐོ་གཞུང་དུ་ཚུད་ཡོད་ཅིང་། སློབ་གྲྭ་དེ་དག་ནི་ཡུལ་ཤུལ་དམངས་ཕན་སློབ་གྲྭ། ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་། རྡོ་རྗེ་ལྡན་ལག་རྩལ་སློབ་གྲྭ མགོ་ལོག་རྟ་བྲག་སློབ་གྲྭ གཅིག་སྒྲིལ་སྨིན་ཐང་སློབ་གྲྭ རྨ་ཆེན་གངས་ལྗོངས་རིག་མཛོད་སློབ་གྲྭ རྩྭ་ཐང་བུ་མོའི་སློབ་གྲྭ སྨིན་ཐང་བཅུ་ཕྲག་རིག་མཛོད་སློབ་གྲྭ། པད་མ་རྫོང་བྱམས་སྐྱོང་སློབ་གྲྭ་སོགས་ཀྱི་སློབ་གྲྭ་བཅུ་གཉིས་ཙམ་ཉེན་ཁའི་གནས་སུ་ལྷུང་ཡོད་ཅེས་བཀོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།