༸གོང་ས་མཆོག་ནས་ལལ་སྦ་རྡུར་དྲན་རྟེན་ཐོག་བཀའ་སློབ།

༸གོང་ས་མཆོག་གིས་ལྐོག་ཟའི་གནད་དོན་ཐོག་རྒྱ་ནག་དང་པ་ཀི་སི་ཐན་དང་བསྡུར་ན་རྒྱ་གར་ནང་གནས་སྟངས་བཟང་བ་ཡོད་གསུངས་འདུག

2011-01-08
Share

༄༅༎རྒྱ་གར་གྱི་སྐུ་གཤེགས་སྲིད་བློན་དམ་པ་ལལ་སྦ་ཧ་རྡུར་ཤསྟི་རི་མཆོག་གི་དྲན་རྟེན་ཐོག་སྐུ་མགྲོན་གཙོ་བོར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་སྟེ་ཆིབས་བསྒྱུར་བསྐྱངས་ནས་བྱམས་་བརྩེའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་དང་ བཀའ་སློབ་གནང་སྒྲུབ་མཚམས་མང་ཚོགས་ཀྱིས་ལྐོག་ཟ་རུལ་སུངས་དང་ དེ་བཞིན་གསར་འགོད་རང་དབང་སོགས་ཀྱི་གནད་དོན་ཐོག་བཀའ་དྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནད་དོན་དེ་རིགས་ཀྱི་ཐོག་རྒྱ་ནག་དང་པ་ཀི་སི་ཐན་ལྟ་བུའི་ཡུལ་གྲུ་དང་བསྡུར་ན་རྒྱ་གར་ནང་གནས་སྟངས་བཟང་བ་ཡོད་པ་དང་ རྒྱ་གར་ནང་གཞུང་གི་ལས་ཁང་མཐོ་དམན་ཚང་མའི་ནང་ལྐོག་ཟའི་གནད་དོན་ཡོང་ན་ཡང་ ལྐོག་ཟའི་གྱོད་དོན་རིགས་ཐག་གཅོད་བྱ་རྒྱུར་ཉུང་ཐར་ཡང་ཁྲིམས་འཛིན་ལམ་ལུགས་དེ་བཞིན་གཞུང་འཛིན་ཚོགས་པས་དབང་བསྒྱུར་བྱས་པ་ཞིག་མ་ཡིན་པར་ ཁྲིམས་འཛིན་གྱི་ལམ་ལུགས་རང་དབང་ལྡན་པ་ཞིག་ཡོད་པ་དང་ ལྷག་པར་དུ་རྒྱ་གར་ནང་གསར་འགོད་རང་དབང་ཚད་ལྡན་ཞིག་ཡོད་པ་རེད་ཅེས་བཀའ་ལན་གནང་ཡོད་པ་དང་  དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་ཐོག་བཀའ་དྲི་དགོངས་སྐོར་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་དེ་ནི་འཇིགས་སྣང་དང་ ང་རྒྱལ་ཁེངས་དྲེགས་ཐོག་ནས་བྱུང་བ་ཞིག་ཡིན་པར་བརྟེན་དེ་དག་སེལ་ཐབས་སུ་འཛམ་གླིང་ཡུལ་གྲུ་ཚང་མས་འཕྱར་གྲུ་མཉམ་འདེབས་ཀྱིས་འབད་བརྩོན་བྱ་རྒྱུ་དང་ཕྱོགས་མཚུངས་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་འཚོལ་དགོས་པ་ནི་ཤེས་ཡོན་གོ་རྟོགས་འཕེལ་བའི་ཐབས་ལམ་ཐོག་ནས་སེལ་ཐབས་བྱ་དགོས་པ་ལས་སྨོན་ལམ་གསོལ་འདེབས་བྱས་ནས་སེལ་ཐབས་མེད་པ་རེད་ཅེས་བཀའ་ལན་བསྩལ་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།