དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་སུ་ལོ་གཅིག་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ ནང་རྒྱ་ནག་གཞུང་གིས་བོད་ནང་གི་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན། ཁོང་གི་སྐད་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཞིག་བརྒྱུད་འགོད་བྱས་པ་དེ་ཁྲིམས་འགལ་ཡིན་པར་བསྙད་བཏགས་ནས་འཛིན་བཟུང་གིས། འདས་པའི་ཟླ་བ་དྲུག་མ་ཟིན་ཙམ་རིང་བཀག་ཉར་བྱས་ཏེ་ལོ་གཅིག་དང་ཟླ་དྲུག་གི་རིང་ལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ནང་མི་ཉེ་འབྲེལ་སོགས་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་གོང་ཞུས་འབྲེལ་ཡོད་གཅིག་གིས་བརྗོད་དོན་དུ། དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ ༢༠༢༤ ཟླ་ ༣ ཟླ་དཀྱིལ་ཙམ་ནང་དགོན་པའི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་ཀྱིས། རེབ་གོང་སྨད་པའི་གུ་ར་ཐང་ན་ཡོད་པའི་བཙོན་ཁང་དུ་བཀག་ཉར་བྱས་པ་དང་། ཟླ་བ་སྔོན་མའི་ནང་ཁྲིམས་ཐག་མ་བཅད་སྔོན་གྱི་བཀག་ཉར་དུས་ཡུན་བསྡོམས་ཏེ་ལོ་གཅིག་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་གི་གནས་ཚུལ་སྐོར་དེ་ཆབ་སྲིད་ཀྱི་གནད་དོན་ལ་རྩིས་ཏེ། ཁྲིམས་བཤེར་དང་ཁྲིམས་ཆད་སོགས་བཏང་སྐབས་ནང་མི་ཉེ་འབྲེལ་ཚོར་གསང་བ་བྱས་ཏེ་བརྡ་ལན་གང་ཡང་སྤྲད་མེད་སྐོར་བརྗོད་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་འཛིན་བཟུང་བྱེད་མཁན་རེབ་གོང་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་དང་། ཁོང་ལ་རེབ་གོང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ཆད་ཉེས་འགེལ་དང་། རེབ་གོང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་དང་སྤུན་མཆེད་ཚོར་དམ་དྲག་སྟངས་འཛིན་དང་། མ་ཉེས་ཁ་གཡོག་གི་ཉེས་ཆད་འགེལ་སྲིད་པའི་འཇིགས་སྣང་འོག་གནས་ཡོད་པ་དང་། འབྲེལ་ཡོད་ལས་ཁུངས་སུ་བཅར་ཏེ་ཁོང་གི་གནས་སྟངས་སོགས་འདྲི་རྒྱུ་དེའང་ཉེན་ཁ་ཚབས་ཆེན་པོར་གྱུར་ཡོད་པ་བརྗོད་བྱུང་ལ། དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཕྱི་ཟླ་ ༩ ཚེས་ ༢༢ ནས་བཟུང་། ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་གནས་སྤོ་བྱས་ཏེ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཆད་འཁུར་དགོས་འཁེལ་གྱི་ཡོད་པའི་སྐོར་ཤེས་རྟོགས་བྱུང་སྐོར་བརྗོད་བྱུང་།
དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ནི་རེབ་གོང་སྨད་པ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཡོང་སྟེ། བཞུགས་སྒར་རྡ་རམ་ས་ལར་མཚན་ཉིད་གྲྭ་ཚང་དུ་ལོ་བཅུ་ཡི་རིང་སློབ་གཉེར་བྱས་ཤིང་ཕར་ཕྱིན་གྲུབ་པ་དང་། ཕྱི་ལོ་ ༡༩༩༦ ལོར་བོད་ལ་ཕྱིར་ལོག་སྟེ་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་དུ་བཞུགས་ཏེ། མཚམས་སྙེན་སྒྲུབ་དང་ཉམས་ལེན་ལ་འབད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་དེ་སྔ་ནས་དོགས་ཟོན་དང། ལྷག་པར་དུ་དུས་ཆེན་ཁག་ལ་ཁོང་གི་བཞུགས་ཤག་གི་ཀླད་དང་གྱང་ཁ་སོགས་ནས་ཉེན་རྟོག་པས་གསང་ཉུལ་དང་སོ་ལྟ་བྱས་མྱོང་ཡོད་འདུག་ལ། ཁོང་ནི་བོད་ཀྱི་ཡིག་གཟུགས་ལེགས་བྲིས་ལ་མཁས་པ་དང་། དབྱིན་ཡིག་མཁྱེན་པ་དང་དོན་གཉེར་ཅན་རྣམས་ལ་ཡིག་གཟུགས་དང་དབྱིན་ཡིག་སློབ་ཁྲིད་སོགས་གནང་གི་ཡོད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།