ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝེན་ལགས་ཀྱིས་སྡེ་དགེ་ཁུལ་གྱི་བོད་མི་འཛིན་བཟུང་བྱས་བ་རྣམས་གློད་གྲོལ་གཏོང་དགོས་བའི་དགོས་འདུན་གྲོས་འཆར་འདོན་རྒྱུ་རེད་འདུག

2024.03.05
ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝེན་ལགས་ཀྱིས་སྡེ་དགེ་ཁུལ་གྱི་བོད་མི་འཛིན་བཟུང་བྱས་བ་རྣམས་གློད་གྲོལ་གཏོང་དགོས་བའི་དགོས་འདུན་གྲོས་འཆར་འདོན་རྒྱུ་རེད་འདུག ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷོ་ཝེན་(Jim McGovern)་ལགས་ལོ་སར་གྱི་མཛད་སྒོར་མཉམ་ཞུགས་སྐབས། ༠༣།༠༣།༢༠༢༤
facebook /Jim McGovern

བོད་མི་མང་སྤྱི་འཐུས་དོན་འགྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྤྱི་ཟླ་༣ཚེས་༣་ཉིན་ཨ་རིའི་(Massachussetts)་མངའ་ཁོངས་སྦོསི་ཊོན་ས་གནས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་ལོ་གསར་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷོ་ཝེན་(Jim McGovern)་ལགས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་སྐབས། ཁོང་གིས་ཨ་རིའི་གྲོས་ཚོགས་ནང་བདུན་ཕྲག་རྗེས་མར་གྲོས་འཆར་གསར་པ་ཞིག་བཏོན་གནང་སྟེ། ཉེ་དུས་རྒྱ་ནག་གཞུང་གིས་ཁམས་སྡེ་དགེའི་དབང་པོ་སྟོད་ཁུལ་དུ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་ཐད་འདོད་པ་མེད་པར་ཞུ་འབོད་ངོ་རྒོལ་གནང་མཁན་ས་གནས་མང་ཚོགས་དང་དགེ་འདུན་པ་བཅས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་གནང་རྒྱུ་ཡིན་པ་གསུངས་ཡོད་འདུག
སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷོ་ཝེན་ལགས་ཀྱིས་གསུངས་དོན་གཙོ་བོ། ང་ཚོས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་བའི་མདུན་སྐྱོད་རང་བཞིན་གྱི་གོམ་པ་སྤོ་ཐུབ་ཡོད་པའི་དགའ་སྟོན་གནང་བཞིན་ཡོད་པ་དང་། རིམ་པས་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཡོང་ཐབས་སུ་ཚང་མས་ཤུགས་རྒྱག་དགོས་བའི་འབོད་སྐུལ་གནང་བ་དང་འབྲེལ། བོད་ནང་དུ་ད་ལྟ་འཇིགས་སུ་རུང་བའི་གནས་ཚུལ་བྱུང་བཞིན་ཡོད་པ་ནི། རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིར་འདོད་པ་མེད་མཁན་ས་གནས་བོད་མིས་ཞི་བའི་ཐོག་ནས་ངོ་རྒོལ་གནང་བར་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་བོད་མི་དེ་དག་གློད་གྲོལ་གཏོང་དགོས་བ་དང་། བོད་མི་དེ་དག་མང་ཆེ་བར་ཉེས་རྡུང་ཚབས་ཆེ་བཏང་བ་དང་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞི་དེས་ཁུལ་དེའི་གྲོང་གསེབ་གཉིས་དང་གནའ་བོའི་དགོན་པ་ཁག་དྲུག་ཙམ་གཏོར་བཤིག་གཏོང་ཉེན་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་ཤུལ་བཞག་ཁག་དང་ཁོར་ཡུག དེ་བཞིན་བོད་མིའི་འཚོ་བའི་གནས་སྟངས་གཏོར་བཤིག་གཏོང་ཉེན་ཡོད་པ་འདི་ནི་ནོར་འཁྲུལ་ཚབས་ཆེ་ཞིག་རེད། དེ་བས་ཁོང་གིས་བདུན་ཕྲག་རྗེས་མར་ཨ་རིའི་གྲོས་ཚོགས་ནང་གྲོས་འཆར་གསར་པ་ཞིག་ངོ་སྤྲོད་གནང་སྟེ་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། བོད་མི་རྣམས་ས་གནས་ཀྱི་ཡར་རྒྱས་འཛུགས་བསྐྲུན་ཟེར་བ་སྤྱི་དང་། ལྷག་དོན་དུ་བོད་མིའི་འཚོ་གནས་དང་། ཆོས་དང་རིག་གཞུང་བཅས་པར་ཤུགས་རྐྱེན་སྤྲོད་ཉེན་ཡོད་པའི་ལས་གཞི་ཁག་ལ་དང་ཐོག་ནས་ས་གནས་བོད་མི་ཚོར་མོས་མཐུན་འདྲི་དགོས་བ་དང་གོ་བསྡུར་ནང་མཉམ་ཞུགས་བྱེད་དུ་འཇུག་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་སྐོར་སོགས་གསུངས་འདུག
ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་ཁམས་སྡེ་དགེ་དབང་པོ་སྟོད་ཁུལ་ལ་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིར་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་མཁན་བོད་མི་རྣམས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པ་ཁག་མཚམསས་འཇོག་བྱ་དགོས་པ་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་པའི་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་བསྒྲགས་གཏམ་སྤེལ་བ་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་དང་། རྒྱ་གར་རྡ་རམ་ས་ལ་དང་། ལ་དྭགས། རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་མང་པོར་བོད་མི་ཚོགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎