མདོ་སྨད་མང་རྫོང་དུ་དུས་འཁོར་དབང་ཆེན་གནང་རྒྱུ་བཀག་འགོག་གིས་རྡུལ་མཚོན་དཀྱིལ་འཁོར་གཏོར་འདུག
བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན།
མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མང་རྫོང་ངམ་མང་ར་ཡུལ་གྱི་ཨ་ཐིས་དགོན་པའི་དགོན་བདག་ཨ་ཐིས་རིན་པོ་ཆེ་ཡིས། བོད་ཟླ་དྲུག་པ་ཆོས་འཁོར་དུས་ཆེན་ཉིན་ནས་བཟུང་མང་རྫོང་ས་གནས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུ་གཏན་འཁེལ་ཟིན་པ་མ་ཟད། ཨ་ཐིས་རིན་པོ་ཆེ་དབུ་བཞུགས་ཐོག་ཉིན་མང་པོའི་གོང་ནས། སྔོན་འགྲོའི་ས་ཆོག་གི་བྱ་བ་རྣམས་ཡོངས་སུ་ཟིན་སྟེ། རྡུལ་མཚོན་གྱི་དཀྱིལ་འཁོར་ཡང་ཡོངས་སུ་བཞེངས་སྒྲུབ་ཟིན་ཡོད་འདུག འོན་ཀྱང་ཕྱི་ཟླ་༧ཚེས་༡༩བོད་ཟླ་དྲུག་པའི་ཚེས་༣ཉིན་གྱི་སྔ་དྲོའི་ཚོུད་༦ཡས་མས་ཤིག་ལ་གློ་བུར་དུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་འབོར་ཆེན་ཡོང་ནས་དུས་འཁོར་དབང་ཆེན་གསུང་མི་ཆོག་ལུགས་བཤད་ནས་བཙན་དབང་གིས་གུར་ཚང་མ་བཤིག་ཏུ་བཅུག་པ་མ་ཟད། བཞེངས་སྒྲུབ་ཟིན་པའི་རྡུལ་མཚོན་དཀྱིལ་འཁོར་སྟེང་ཆུ་བླུགས་ནས་གཏོར་བཤིག་བཏང་ཡོད་པ་བདེ་འཇགས་སྲུང་སྐྱོབ་ཆེད་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དུས་འཁོར་དབང་ཆེན་ནི་བོད་ནང་ཧ་ཅང་གྲགས་ཆེ་བའི་གསང་སྔགས་ཀྱི་དབང་ཞིག་ཡིན་ཞིང་། དེའི་གྲ་སྒྲིག་ཆེད་ཉིན་མང་པོ་འགོར་བ་མ་ཟད། ཆོས་ཞུ་བ་འབོར་ཆེ་དབང་ཞུ་བར་བཅར་སྲོལ་ཡོད་པ་ལྟར། མང་རྫོང་གྲོང་བརྡལ་ཁུལ་གྱི་རྩ་ཐང་ཡངས་ཤིང་རྒྱ་ཆེ་བའི་ཁོར་ཡུག་ཞིག་གི་ནང་མང་ཚོགས་ནས་སྡོད་གུར་ཆིག་སྟོང་ལྷག་བརྒྱབ་ཡོད་འདུག་པ་དེ་དག་ཀྱང་དྲག་ཆས་ཉེན་རྟོག་པས་བཤིག་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། མང་རྫོང་དུ་ཨ་ཐིས་རིན་པོ་ཆེས་དུས་འཁོར་དབང་ཆེན་གནང་རྒྱུར་ས་གནས་གཞུང་གི་ཆོག་མཆན་ཐོབ་ཟིན་པ་ཡིན་ཡང་། ད་རེས་གློ་བུར་ཏུ་དུས་འཁོར་དབང་ཆེན་གནང་རྒྱུ་བཀག་འགོག་བྱེད་པར་མང་ཚོགས་ནས་བློ་ཕམ་བྱེད་བཞིན་འདུག ས་གནས་དེའི་མི་གཞན་ཞིག་གིས། ཁོང་གི་ནང་མི་ཚོ་དུས་འཁོར་དབང་ཆེན་ཞུ་བར་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ན་ཡང་། དུས་འཁོར་དབང་ཆེན་གསུང་འཇུག་རྒྱུ་མིན་ལུགས་ཀྱི་གནས་ཚུལ་ཐོས་པར་བློ་འགྱོད་བྱུང་ཞེས་གསུངས་བྱུང་།
ས་གནས་གཞུང་གི་ཆོག་མཆན་ཡོད་བཞིན་དུ་བཀག་འགོག་བྱེད་དོན་ཐད། ས་གནས་མི་མང་གི་བཤད་ཚུལ་ལྟར་ན། དུས་འཁོར་དབང་ཆེན་ཆེད་སྒོར་མོ་འབོར་ཆེ་བསྡུ་རུབ་བྱས་པ་དང་། ཡང་ཏང་གི་མི་སྣ་ཚོ་ཆོས་ལུགས་ཀྱི་ལས་དོན་ནང་མཉམ་ཞུགས་བྱས་ལུགས་ཀྱི་ནག་ཉེས་གཉིས་བཀལ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག
གཞན་གནས་ཚུལ་ཡོང་ཁུངས་ཀྱིས་བཤད་པ་ལྟར་ན། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་མི་སྣ་བཀག་ཉར་བྱས་པ་མ་ཟད། ས་གནས་གཞུང་གི་འགོ་ཁྲིད་ཁག་ཅིག་ཀྱང་བཀག་ཉར་བྱས་ཡོད་འདུག
ཡང་དེའི་གོང་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས། མཛོད་དགེ་ས་ཆ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་རྒྱུའི་ཆོག་མཆན་ཐོབ་སྟེ་ལྟ་གོན་དང་དབང་འགོ་འཛུགས་ལ་ཉེ་སྐབས། རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་འཁོར་བའི་ཁུལ་སྟོན་དང་། གཞུང་འབྲེལ་ཚོགས་འདུ་སོགས་དང་སྐབས་འཁེལ་ཡོད་ལུགས་བརྗོད་ནས། དུས་འཁོར་དབང་ཆེན་གནང་རྒྱུ་བཀག་འགོག་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།