བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་སྐུ་འདས་གྲོངས་སུ་ཕྱིན་འདུག


2018.06.21
བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་སྐུ་ན་གཞོན་དུས། བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་སྐུ་ན་གཞོན་དུས།
པར་རྙིང་།

༧གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་ཞུ་དང་སྐུའི་སྲུང་བྱ་ཞུ་མཁན་ལྷ་སའི་གྲྭ་བཞི་དམག་སྒར་གྱི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་སྐབས། སྐུ་ཕྱྭའི་ཞབས་ཞུ་དང་སྐུ་སྲུང་ཞུ་མཁན་དང་། དམིགས་བསལ་དེང་སང་པར་རིས་ནང་མཇལ་རྒྱུ་ཡོད་པའི་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས་ཆིབས་རྟ་ཁྲིད་གནང་མཁན། གྲྭ་བཞི་དམག་སྒར་གྱི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤།༠༠ ཙམ་ལ་རྒྱ་གར་རྡ་རམ་ས་ལ་ལྷ་རྒྱལ་རིའི་བགྲེས་ཤག་ཏུ་དགུང་གྲངས་ ༩༣ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།
དེར་བརྟེན་ཕྱི་ཚེས་ ༢༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་གྱིས་གཙོ་པའི་ལྷན་ཁང་ཁག་ཡོངས་རྫོགས་ལས་མཚམས་བཞག་ཏེ། སྲི་ཞུ་བའི་ལས་བྱེད་ཡོངས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་འདུ་འཛོམས་ཀྱིས། བོད་གཞིས་བྱེས་གཉིས་སུ་ཞི་དྲག་གཉིས་ཀྱི་ཐོག་ནས་ལོ་མང་རིང་སྲི་ཞུ་བསྒྲུབས་མྱོངས་ཡོད་མཁན་གཞུང་ཞབས་ཟུར་པ་ཁོང་ལ་མྱ་ངན་དང་མཆོད་འབུལ་སྨོན་ལམ་གནང་སོང་།
གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་ནི། ཕྱི་ལོ་ ༡༩༢༥ ལོར་ལྷོ་ཁ་འཕྱོངས་རྒྱས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༣ ལོར་དགུང་གྲངས་ ༡༨ ཐོག་བོད་གཞུང་ཁ་དང་གྲྭ་བཞི་གཡུལ་རྒྱལ་བསམ་འཕེལ་དམག་སྒར་དུ་ཞུགས། ཕྱི་ལོ་ ༡༩༤༨ ལོར་གནས་བདུན་པ་ལྡིང་དཔོན་དང་། ༡༩༥༡ ལོར་གནས་དྲུག་པ་བརྒྱ་དཔོན་དུ་བསྐོ་བཞག་བྱས། ཕྱི་ལོ་ ༡༩༥༩ ལོར་ལྷ་སར་མི་མང་སྒེར་ལངས་རྗེས་ནོར་གླིང་ཕོ་བྲང་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་བཅར་ཉེན་སྲུང་ཆིབས་ཞབས་སུ་བཅར། རྒྱ་གར་དུ་འབྱོར་རྗེས་འབྲས་ལྗོངས་སུ་ལམ་ལས་ཁོངས་གནས་མང་ཚོས་ཀྱི་འཐུས་མི་དང་། ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བྱེས་འབྱོར་ཆོལ་ཁ་གསུམ་གྱི་སེར་སྐྱ་མང་ཚོགས་ནས་མནའ་གན་མཐུ་བོ་ཆེ་འབུལ་སྐབས་འཐུས་མིར་ཆེད་བཅར་གནང་། སྔ་ཕྱི་བོད་མི་མང་སྤྱི་འཐུས་སྐབས་གསུམ་དང་། ཤེས་རིག་བཀའ་བློན་གྱི་ལས་རོགས། རྡ་ས་སྣེ་ལེན་ཁང་འགན་འཛིན། བལ་ཡུལ་སྐུ་ཚབ་དོན་གཅོད། ལ་དྭགས་ལྷོ་བྱང་སྤྱི་འདོམས་སོགས་བོད་གཞིས་བྱེས་གཉིས་སུ་ཁྱོན་མི་ལོ་ ༤༠ ལྷག་ཙམ་རིང་སྲི་ཞུ་སྒྲུབ་མཐར་ཕྱི་ལོ་ ༡༩༨༣ ལོར་རྒས་ཡོལ་ཞུས་ཡོད་འདུག
ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་ཞབས་ཟུར་པ་རྣམས་ལ་མཇལ་ཁ་གནང་སྐབས། ༧གོང་ས་མཆོག་ནས་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལ་དམིགས་བསལ་ཐུགས་བརྩེ་གནང་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎