ཀརྨ་བསམ་གྲུབ་ལགས་སྒལ་ཚིགས་དང་སྐེད་པ་ནད་གཞི་ཅན་དུ་གྱུར་ཡོད་པ་དང་ཁོང་ཁྲིན་ཏུའུ་རུ་ཉིན་ཤས་བཞུགས་རྗེས་ལྷ་སར་ཕེབས་འཆར་ཡོད་འདུག
བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་དང་ཚོང་པ་ཀརྨ་བསམ་གྲུབ་ལགས་བཙོན་གྲོལ་བཏང་ཡོད་ཀྱང་ཁོང་གི་སྐུ་གཟུགས་གནས་སྟངས་ཞན་པོ་ཡོད་པ་མ་ཟད། ཁྲིན་ཏུའུ་གྲོང་ཁྱེར་ནང་སྤུན་མཆེད་ལྷན་ཐུག་འཕྲད་བྱུང་ཡོད་ཀྱང་རྒྱ་ནག་གཞུང་གི་དམ་དྲག་འོག་གནས་མུས་ཡིན་པ་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བྱུང། ཡང་གོང་ཞུས་འབྲེལ་ཡོད་མི་སྣ་དེས་མུ་མཐུད་ངོ་སྤྲོད་གནང་བར་གཞིགས་ན། ཁོང་དེ་སྔ་ཡུ་གུར་རང་སྐྱོང་ལྗོངས་ཧྲ་ཡར་རྫོང་གི་བཙོན་ཁང་ནང་བཙོན་འཇུག་བྱ་རྒྱུན་རིང་ཁོང་གི་བཟའ་ཟླ་སྒྲོལ་དཀར་ལགས་ལགས་ཡུ་གུར་རམ་ཤིང་ཅང་ཁུལ་དུ་གནས་སྤོས་གནང་ནས་བཙོན་པ་ཐུག་འཕྲད་བཅུག་པའི་དུས་ཚོད་གང་ཡིན་ལ་ཐུག་འཕྲད་དུ་ཕེབས་ཀྱི་ཡོད་པ་ཡང་གསལ་སྟོན་གནང་བྱུང་།
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༨ ཉིན། རྒྱ་ནག་གཞུང་གིས་མི་ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་ལགས། རྒྱ་ནག་གཞུང་གིས་ཡུ་གུར་རང་སྐྱོང་ལྗོངས་ཧྲ་ཡར་རྫོང་(沙雅县)གི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་ན་ཡང་། ཁོང་ལ་བཙོན་ཁང་དུ་དུས་ཡུན་རིང་པོར་བཙོན་ལས་མནར་གཅོད་བྱས་སྟབས། ཁོང་གི་སྒལ་ཚིགས་དང་སྐེད་པ་ནད་གཞི་ཅན་དུ་གྱུར་ཡོད་པ་དང་། ད་ལྟའི་ཆར་གློད་གྲོལ་བཏང་ཡོད་པ་ལས་མུ་མཐུད་དམ་དྲག་དང་ལྟ་བཤེར་འོག་ཏུ་ཡོད་སྐོར། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ཉེ་སྔོན་ཁོང་གློད་གྲོལ་གཏོང་སྐབས་ཁོང་བཟའ་ཟླ་བུ་ཕྲུག་དང་། དེ་སྔ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་མྱོང་པ་ཁོང་གི་སྤུན་མཆེད་རིན་ཆེན་བསམ་གྲུབ་ལགས་དང་། འཆི་མེད་རྣམ་རྒྱལ་ལགས། ཁོང་གི་གྲོགས་པོ་ཚོང་བདག་དང་ཉེ་འབྲེལ་ཁག་ཅིག་བཅས་ཕེབས་བསུ་རུ་བཅར་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཀརྨ་བསམ་གྲུབ་ལགས་གློད་གྲོལ་རྗེས་རླངས་འཁོར་ནང་དུ་ཕྱིར་ཕ་ཡུལ་དུ་ལོག་བཞིན་པའི་བརྙན་ཞིག་འབྱོར་བའི་ནང་། ཀརྨ་བསམ་གྲུབ་ལགས་ནས་བརྙན་ནང་དུ་སྤྱིའི་ཆ་ནས་ལུས་ཁམས་བདེ་ཐང་ལྟ་བུ་ཡིན་ན་ཡང་། སྐེད་པ་དང་སྒལ་ཚིགས་གཉིས་ལ་སྐྱོན་ཡོད་པ་ལས། ད་ལྟ་སྒལ་ཚིགས་ཅུང་ཙམ་ཡག་པོ་བྱུང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བཞིན་པ་གོ་ཐོས་འདུག
ད་ལྟ་རང་ལོ་ ༥༦ ཙམ་ཡིན་པའི་ཀརྨ་བསམ་གྲུབ་ལགས་ནི་བོད་གོ་འཇོ་རྫོང་རྩི་རོང་ཡུལ་ཚོའི་གདོང་པ་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཁྱིམ་ཚང་མིང་ལ་རི་ཁེ་ཚང་ཞེས་འབོད་ཀྱི་ཡོད་སྟབས། ཡུལ་མི་ཚོས་ཁོང་གི་མཚན་ལ་རི་ཁེ་ཚང་ཀརྨ་ཞེས་འབོད་སྲོལ་ཡོད་འདུག་ལ། ཁོང་དང་ཁོང་གི་སྤུན་མཆེད་གསུམ་གྱིས་དེ་སྔ་ཨ་ཆུང་སེང་གེ་གནམ་རྫོང་གི་དྭང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་ཆེད་འཛུགས་བྱས་ཤིང་། རིན་ཆེན་བསམ་འགྲུབ་དང་འཆི་མེད་རྣམ་རྒྱལ་གཉིས་ཀྱིས་རྒྱ་ནག་གི་ལས་བྱེད་ཚོས་ཡུལ་དེའི་རི་སྐྱེས་སྲོག་ཆགས་རྣམས་ལ་གནོད་འཚེ་གཏོང་གི་ཡོད་པའི་གནད་དོན་ཞུ་གཏུགས་བྱས་རྗེས། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་ཁོང་གཉིས་ཀྱིས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཚུལ་གྱི་ནག་ཉེས་བཙུགས་པ་སོགས་ཀྱི་གནས་ཚུལ་འོག རིན་ཆེན་བསམ་གྲུབ་དང་འཆི་མེད་རྣམ་རྒྱལ་གཉིས་སྤྱི་ལོ་ ༢༠༠༩ ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་པའི་ཉེས་མིང་འོག་རིན་ཆེན་བསམ་གྲུབ་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། འཆི་མེད་རྣམ་རྒྱལ་ལགས་ལོ་གཅིག་དང་ལོ་ཕྱེད་ཙམ་རིང་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པ་རེད།།
ནོར་བཅོས། གསར་འགྱུར་ནང་འཆི་མེད་རྣམ་རྒྱལ་ལགས་ཀྱི་མཚན་ལ་འཇིགས་མེད་རྣམ་རྒྱལ་ཞེས་བྲིས་ནོར་ཤོར་ཡོད་པ་བཟོ་བཅོས་བྱས་ཡོད།
གསར་འགོད་པ། ཚེ་རིང་རྣམ་རྒྱལ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།