ཨ་རིའི་གྲོས་ཚོགས་འཐུས་མི་མརྐ་པོ་ཀེན་ (Mark Pocan) ལགས་ཀྱིས་གསུམ་བཅུའི་དུས་དྲན་ཉིན་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་འདུག

ཨ་མི་རི་ཀའི་མངའ་སྡེ་ཝི་སི་ཀོན་སིན་ (Wisconsin) ནས་ཡིན་པའི་གྲོས་ཚོགས་འཐུས་མི་མརྐ་པོ་ཀེན་ (Mark Pocan) ལགས་ཀྱིས་ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་གནང་བ་དང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གསུམ་བཅུའི་དུས་དྲན་དེ་ནི་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་ནས་བོད་ས་བཙན་བཟུང་བྱས་བའི་ཐད་བོད་ནང་བོད་མི་སྟོང་ཚོ་མང་པོས་ཁ་གཏད་ངོ་རྒོལ་བྱས་བར་རྗེས་དྲན་དང་མྱ་ངན། ཆེ་བསྟོད་བཅས་ཞུས་བའི་ཉིན་མོ་དང་། ལོ་ངོ་ ༦༦ རྗེས་ལ་ད་དུང་ཡང་བོད་མི་ཚོས་རྒྱ་ནག་གི་སྡུག་རྩུབ་ཅན་གྱི་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་པ་རེད། དེར་བརྟེན་ཁོང་གིས་དགའ་སྤོབས་ངང་ནས་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བཞིན་པར་ཉེས་ཆད་འགེལ་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་པ་ཡིན། གསུམ་བཅུའི་དུས་དྲན་ཉིན་ང་ཚོ་རྡོག་རྩ་གཅིག་སྒྲིལ་ངང་ནས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་ཁྱེད་རྣམ་པས་ཞི་བདེ་གོང་སྤེལ་དང་བོད་ནང་གི་བོད་མིའི་ཚོའི་མགྲིན་ཚབ་གནང་བ་དཀའ་དྲིན་ཆེ་ཅེས་བརྗོད་འདུག
གཞན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ (Nancy Pelosi) ལགས་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝརན་ (Jim McGovern) ་ལགས་བཅས་གནད་ཡོད་མི་སྣ་ཚོས་སོ་སོར་བསྒྲགས་གཏམ་སྤེལ་ཏེ་བོད་མིའི་བདེན་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་འགྱུར་མེད་བརྟན་པོ་གནང་རྒྱུ་ཡིན་པ་བསྐྱར་ནན་གནང་ཡོད་པ་རེད།།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།