ཧྥ་རན་སིའི་འགྲེམས་སྟོན་ཁང་ Musée Quai Branly ནས་གཟའ་འཁོར་གསུམ་གྱི་ནང་ཚུན་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་བསྐྱར་འགོད་གང་མགྱོགས་བྱ་རྒྱུ་ཁས་ལེན་གནང་འདུག
རྒྱ་ནག་གཞུང་གིས་ཉེ་བའི་ཆར་བོད་ཅེས་པ་དབྱིན་ཡིག་ནང་ (Tibet) ཞེས་ཡོངས་གྲགས་ཡིན་པ་ཤི་ཙང་(Xi Zang) ཞེས་པར་བསྒྱུར་ཐབས་ཆེད་ཕྱོགས་མང་པོ་ནས་ཐབས་ཤེས་བྱེད་ཀྱི་ཡོད་པའི་སྐབས་འདིར། ཧྥ་རན་སིའི་རྒྱལ་ས་པ་རི་སེའི་འགྲེམས་སྟོན་ཁང་ ( Musée Quai Branly )འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང་བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་(Xizang Autonomous Region)་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་རིག་པ་བ་དང་རྒྱ་ནག་གི་ཆེད་ལས་མཁས་པ་ཁག་ཅིག་གིས་འགྲེམས་སྟོན་ཁང་དེ་གཉིས་ལ་སྐྱོན་བརྗོད་དང་ངོས་ལེན་མེད་པའི་རྩོམ་ཡིག་སྤེལ་བ་མ་ཟད། ཉེ་ལམ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པའི་སྐབས་འདིར། ཟླ་ ༩ པའི་ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༢ པར་ཧྥ་རན་སིའི་རྒྱལ་ས་པ་རི་སེའི་འགྲེམས་སྟོན་ཁང་ ( Musée Quai Branly ) གི་རྒྱལ་སྤྱིའི་གནད་དོན་སློབ་སྟོན་པ་སྐུ་ཞབས་ Clément Tougeron ལགས་ཀྱིས་ཧྥ་རན་སིར་གནས་འཁོད་བོད་ཀྱི་ཚོགས་པ་དྲུག་གི་སྐུ་ཚབ་འགྲེམས་སྟོན་ཁང་ནང་སྣེ་ལེན་གྱིས་གལ་ཆེན་ཚོགས་འདུ་འཚོགས་ཡོད་པ་དེའི་ཐོག འགྲེམས་སྟོན་ཁང་ Musée Quai Branly གི་སྐུ་ཚབ་སྐུ་ཞབས་ Clément Tougeron ལགས་ཀྱིས་འགྲེམས་སྟོན་ཁང་ངོས་ནས་ད་ལྟའི་གནས་བབས་ཐད། ཁོང་ཚོས་ཁ་ཞེ་གཉིས་མེད་ཐོག་དགོངས་སེལ་ཞུ་བ་ཆབས་ཅིག ད་ཕན་ནོར་འཁྲུལ་གང་ཤོར་ངོས་ལེན་གྱིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་བསྐྱར་འགོད་གང་མགྱོགས་བྱ་རྒྱུ་ཁས་ལེན་གནང་ཡོད་ཅིང་། བོད་ཅེས་པའི་ཐ་སྙད་ཀྱི་ཚབ་ལ་རྒྱ་མིང་ཞི་ཙང་བེད་སྤྱོད་བྱས་པས་གནད་དོན་འདི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་ཞིག་ཡིན་པ་ངོས་འཛིན་ཧ་ཅང་གི་གསལ་བོ་བྱུང་ཞེས་དང་། གང་མགྱོགས་ནོར་འཁྲུལ་ལེགས་བཅོས་བྱ་རྒྱུ་ཡིན་ལུགས་ངག་ཐོག་ནས་ཞལ་བཞེས་གཙང་མ་གནང་ཡོད་པ་མ་ཟད། གཟའ་འཁོར་གསུམ་གྱི་ནང་ཚུན་འགྲེམས་སྟོན་ཁང་ནང་ལ་གཟིགས་མོ་བ་ཕེབས་མཁན་ཚོའི་སྤྱན་ལམ་དུ་བོད་ཞེས་མིང་བསྐྱར་དུ་མིག་གི་མཐོང་རྒྱུ་ཡོད་པ་ཞིག་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད་སྐོར། ཚོགས་འདུའི་ཐོག་བཅར་མཁན་གྱི་བོད་རིགས་ཚོགས་པ་དྲུག་ཐུན་མོང་ནས་གསར་འགོད་བསྒྲགས་གཏམ་སྤེལ་གནང་འདུག་ཅིང་། བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྦིར་སིལ་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཧྥ་རན་སིར་ཡོད་པའི་བོད་ཀྱི་ཚོགས་པ་དྲུག་གི་སྐུ་ཚབ་དང་བཅས་བོད་མིའི་སྐུ་ཚབ་མི་བཅུ་གཉིས་སྦརན་ལི་(Branly)་འགྲེམས་སྟོན་ཁང་གི་ངེས་སྟོན་པ་དང་དངོས་སུ་མཇལ་འཕྲད་ཀྱིས་ཚོགས་འདུ་ཡག་པོ་བྱུང་ལ། འགྲེམས་སྟོན་ཁང་གི་ངོས་ནས་ད་རེས་ནོར་འཁྲུལ་བྱུང་བ་ངོས་ལེན་གནང་བ་དང་། འགྲེམས་སྟོན་ཁང་གི་འགན་འཛིན་གྱི་མིང་ཐོག་ནས་གང་མགྱོགས་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་རྒྱ་སྐད་ཐོག་(Xizang)་ཞེས་བ་མེད་པར་བཟོས་ནས་བོད་(Tibet)་ཅེས་པའི་ཐ་སྙད་ནོར་བཅོས་གནང་རྒྱུ་ཡིན་པ་ཁས་ལེན་གནང་སོང་། ཡིན་ན་ཡང་འགྲེམས་སྟོན་ཁང་གཞན་དེས་ད་ལྟའི་ཆར་ལན་འདེབས་གསལ་བཤད་མ་བྱུང་བས་ན་མུ་མཐུད་དུ་ངོ་རྒོལ་བྱེད་རྒྱུ་ཡིན་པ་གསུངས་བྱུང་ལ། དེ་བཞིན་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་རིན་ཆེན་ལགས་ཀྱིས་ཀྱང་ད་རེས་ཚོགས་འདུ་དེ་ཕན་འབྲས་ལྡན་པ་ཡག་པོ་བྱུང་སོང་བ་འགྲེལ་བརྗོད་གནང་བྱུང་།
མ་ཟད་གསར་འགོད་བསྒྲགས་གཏམ་དེའི་ནང་། འགྲེམས་སྟོན་ཁང་གི་ངོས་ནས་མུ་མཐུད་བོད་པའི་སྒྲིག་འཛུགས་དང་ལྷན་དུ་བཀའ་མོལ་ཞུ་རྒྱུའི་ཆོད་སེམས་ཡོད་ལུགས་དང་མ་འོངས་པར་བོད་དང་འབྲེལ་བའི་གནད་དོན་ཐོག་གུས་བརྩི་ལྡན་པ་དང་ཁ་དོན་ཚིག་ལ་གནས་པའི་སྒོ་ནས་ཕན་ཚུན་བཀའ་མོལ་རིམ་པར་བྱ་རྒྱུ་ཡིན་ཞེས་དགོངས་འཆར་ཡང་གསལ་འདོན་མཛད་ཡོད་པའང་འཁོད་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་འགྲེམས་སྟོན་ཁང་Musée Quai Branlyགི་སྐུ་ཚབ་སྐུ་ཞབས་ clément Tougeron ལགས་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པདྨ་རིན་ཆེན་ལགས་དང་། སྦར་སིལ་༧ རྒྱལ་བ་རིན་པོ་ཆེ་དང་རང་གཞུང་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། པ་རི་སེའི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་ཚེ་རིང་ལགས་དང་རང་ཁོངས་ལས་བྱེད་འཇིགས་མེད་ལགས་བཅས་ནས་མཉམ་བཞུགས་གནང་ཡོད་པ་རེད་འདུག
གཞན་ཡང་བོད་པའི་ཚོགས་པ་ཁག་དྲུག་ཐུན་མོང་ནས་འགྲེམས་སྟོན་ཁང་སྒེ་མུད་ (musée Guimet) ནས་བོད་ཀྱི་ཚབ་ལ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་མིང་བསྒྱུར་ཡོད་པར་བཟང་ཕྱོགས་ཀྱི་ཡ་ལན་ཞིག་མ་སྤྲད་བར་དུ་ཞི་བའི་ཞུ་གཏུག་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུའི་ཐག་གཅོད་ཀྱང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
རྩ་བའི་འགྲེམས་སྟོན་ཁང་ (musée Guimet) ཡི་འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཁོང་ཚོའི་ངོས་ནས་བོད་མི་དང་ཆེད་མཁས་པས་བོད་དེ་འགྲེམས་སྟོན་ནང་མེད་པར་བཟོས་པར་སྐྱོན་བརྗོད་བྱས་ཡོད་པར་ངོས་ལེན་བྱས་མེད་པ་དང་མཉམ། ཁོང་ཚོའི་འགྲེམས་སྟོན་གྱི་མིང་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བཏགས་ཡོད་ཀྱང་བོད་དང་འབྲེལ་ཡོད་གནའ་རྫས་རིག་དངོས་ངོ་སྤྲོད་དུས་སུ་བོད་དང་བོད་པ་ཞེས་རང་འཇགས་བཞག་ཡོད་ཚུལ་གསལ་བཤད་དང་། དེ་བཞིན་ (musée Guimet) འགྲེམས་སྟོན་ཁང་གི་འབྲེལ་མཐུད་འགན་འཛིན་ནི་ཀོ་ལསི་རུའི་སན་ (Nicolas Ruyssen) ལགས་ཀྱིས། མིང་བསྒྱུར་དེ་ནི་ཨེ་ཤེ་ཡའི་མངའ་ཁུལ་གྱི་རིག་གཞུང་དེ་སྤྱིར་བཏང་གི་ཡུལ་སྐོར་སྤྲོ་འཆམ་པས་ལས་སླ་བའི་ཐོག་ནས་རྒྱ་ཁྱབ་ཤེས་རྟོགས་ཀྱི་ཆེད་དང་། འགྱུར་བ་དེ་ཧི་མ་ལ་ཡའི་ཆ་ཤས་སུ་འཚམས་པོ་དང་རྒྱ་གར་སོགས་རིག་གཞུང་གཞན་གྱི་མངའ་ཁུལ་དང་འཚམས་པོ་ཡོད་ཚུལ་བརྗོད་འདུག ཡིན་ན་ཡང་འགྲེམས་སྟོན་ཁང་གི་ངོས་ནས་སེམས་ཚབས་བྱེད་མཁན་ཚོགས་སྡེ་ཁག་དང་ཐུག་འཕྲད་ཀྱིས་གྲོས་མོལ་བྱེད་འདོད་ཡོད་ཅིང་། ཉེ་ཆར་གྱི་ངོ་རྒོལ་སྐྱོན་བརྗོད་དང་། ལྷག་པར་དུ་བོད་རིགས་ཚོགས་པས་ (Le Monde) གསར་ཤོག་ཐོག་སྐྱོན་བརྗོད་རྩོམ་ཡིག་སྤེལ་བ་དེ་ནི་འགྲེམ་སྟོན་ཁང་ལ་དོན་དངོས་རྩད་ཞིབ་བྱས་མེད་པར་བློ་ཕམ་གྱི་རྣམ་འགྱུར་བསྟན་དེ་ཡིད་ཕངས་བ་ཞིག་ལ་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཕྱིན་པ་རེད་ཅེས་ཁ་གསབ་བྱས་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།