དགེ་བསྐོས་དཀོན་མེ་ལགས་ཀྱིས་སྐད་འཕྲིན་ཚོགས་པའི་ནང་སྐད་ཆ་བཤད་རྐྱེན་འཛིན་བཟུང་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

རྔ་བ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་ཀྱིས་སྐད་འཕྲིན་ཚོགས་པའི་ནང་སྐུ་རིམ་སོགས་དང་འབྲེལ་བའི་སྐད་ཆ་བཤད་རྐྱེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག
ཟླ་སྔོན་མ་སྟེ་སྤྱི་ཟླ་༧་པའི་ཚེས་༢༠་ཉིན། མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་དུ་བཀག་ཉར་བྱས་བསྡད་ཡོད་པ་དང་། ཁོང་འཛིན་བཟུང་བྱེད་དོན་གཙོ་བོ་སྐད་འཕྲིན་ཚོགས་པ་ཞིག་གི་ནང་། སྐུ་རིམ་སྨོན་ལམ་རིགས་གསོག་སྒྲུབ་དང་། ཉིན་རེར་སྨོན་ལམ་གསོག་སྒྲུབ་ག་ཚོད་བྱས་བ་སོགས་བཤད་པ་ལས་འཛིན་བཟུང་བྱས་ཡིན་པའི་ཚོད་དཔག་ལས། གཞན་ཁོང་གིས་ཆབ་སྲིད་དང་འབྲེལ་བའི་རིགས་གང་ཡང་བཤད་མེད་སྐོར་མིང་དང་ས་གནས་སོགས་བརྗོད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་བཙན་བྱོལ་ནང་ནས་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། དགེ་བསྐོས་དཀོན་མེ་ལགས་ནམ་རྒྱུན་ཆབ་སྲིད་རིགས་ལ་དོ་སྣང་དང་། དེ་འབྲེལ་གྱི་སྐད་ཆ་བཤད་མཁན་ཞིག་མིན་པ་དང་། ཐེངས་འདིར་ཁོང་གིས་སྐད་འཕྲིན་ནང་སྐད་ཆ་བཤད་ནས་འཛིན་བཟུང་བྱས་པ་དེ། ཕལ་ཆེར་གོ་ཚོད་ལྟར་ན། སྐུ་རིམ་གསོག་སྒྲུབ་རྗེས་སུ། ཁོང་གིས་ནམ་རྒྱུན་བསྔོ་བ་སྨོན་ལམ་རིགས་སྐྱོར་གྱི་ཡོད་སྟབས། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་འཛིན་བཟུང་བྱས་པའི་ཚོད་དཔག་ལས་གཞན་སྐད་ཆ་ཅི་ཞིག་བཤད་ཡོད་ད་ལྟའི་ཆར་གསལ་བོ་ཤེས་རྟོགས་མེད་པ་མ་ཟད། ནམ་རྒྱུན་རྒྱ་ནག་གཞུང་གིས་རྔ་བ་ཁུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཕྱི་ན་ཡོད་མཁན་ཚོས་འབྲེལ་བ་མ་བྱས་ན་ཡག་པོ་ཡོད་པ་སྐོར་བོད་ནང་ནས་བརྗོད་པ་འགྲེལ་བརྗོད་གནང་སོང་།
དེའི་ཐད་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་སྔོན་མའི་ཚེས་༢༠་ཡས་མས་སུ། རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་དུ་བཀག་ཉར་བྱས་བསྡད་ཡོད་ཀྱང་། འཛིན་བཟུང་གི་རྒྱུ་མཚན་སོགས་ཁ་གསལ་མ་བྱུང་བ་དང་། དགེ་བསྐོས་དཀོན་མེ་ལགས་ནི་དགུང་ལོ་༤༥་ཙམ་ཡིན་པ་དང་། སྤྲོ་ཚིགས་ཡུལ་ཚོའི་སྤྲོ་ཚིགས་སྡེ་བའི་གླང་ཚང་ནས་ཡིན་ཞིང་། ཆུང་དུས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།