ཞིབ་འཇུག་སློབ་གཉེར་བ་ཉི་མ་ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2022.06.27
Share on WhatsApp
Share on WhatsApp
ཞིབ་འཇུག་སློབ་གཉེར་བ་ཉི་མ་ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཉི་མ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་ཧྲི་ལེན་གྲོང་ཚོ་(舍联乡)ནས་ཡིན་ཞིང་། སི་ཁྲོན་མི་རིགས་དགེ་འོས་སློབ་ཆེན་དུ་ཁོང་གིས་བོད་ཀྱི་རིག་གཞུང་ཞིབ་འཇུག་སྐོར་ལ་སློབ་གཉེར་གནང་གི་ཡོད་འདུག
Tibet Times

ཕྱི་ཟླ་༦ཚེས་༥་ཉིན་རྒྱ་ནག་གཞུང་འབྲེལ་དར་རྩེ་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། སི་ཁྲོན་དགེ་འོས་སློབ་ཆེན་གྱི་རིག་གཞུང་ཞིབ་འཇུག་སློབ་མ་ཉི་མ་ཞེས་པ་ཞིག་ལ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག་ལོ་༣གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཉི་མ་ལགས་ནས་གསང་བ་ཕྱིར་གྱར་གྱི་ལས་ཀ་ག་རེ་བྱས་ཡོད་གསལ་བཤད་གང་ཡང་བྱས་མེད་པ་དང་།ཁོང་འདི་ལོའི་ཕྱི་ཟླ་དང་པོའི་ནང་དར་རྩེ་མདོ་ས་གནས་ཉེན་རྟོག་པས། གསང་ཉུལ་གྱི་དོགས་གཞིའི་འོག་གློ་བུར་དུ་འཛིན་བཟུང་བྱས་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ་བོད་རིགས་ཞིབ་འཇུག་སློབ་མ་ཉི་མ་ལགས་ནས། ནམ་རྒྱུན་ཡུལ་སྐོར་བ་ཚོར་བོད་ཀྱི་ལོ་རྒྱུས་དང་བོད་ནང་གི་གནས་བབ་ངོ་སྤྲོད་བྱེད་བཞིན་ཡོད་སྟབས། གནད་དོན་དེ་འདྲ་ཞིག་གིས་མིན་ནམ་བསམ་པའི་དོགས་གཞི་བྱེད་བཞིན་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་ལ་ཁྲིམས་ཐག་གཅོད་སྐབས་ངན་པར་ལག་འབྲེལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་སྐོར་བརྗོད་ཡོད་པ་དང་། ཁོང་གི་ནང་མི་ཚོས་ད་ལྟའི་ཆར་ཉི་མ་ལགས་བཙོན་ཁང་གང་དུ་ཁྲིད་ཡོད་སོགས་ཤེས་རྟོགས་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

ཉི་མ་ལགས་ནི་སི་ཁྲོན་མི་རིགས་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དང་བོད་རྒྱ་དབྱིན་གསུམ་སྐད་ཡིག་ཤེས་མཁན་ཞིག་ཡིན་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། སྤྱིར་ད་ལྟའི་ཆར་བོད་ནང་གི་ཤེས་ཡོན་པ་ཚོ་གཙོས་བོད་མི་མང་པོ་ཞིག་གང་བྱུང་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བྱེད་ཤུགས་མང་རུ་འགྲོ་བཞིན་ཡོད་པ་བཞིན། ཐེངས་འདིར་ཉི་མ་ལགས་ཁོང་འཛིན་བཟུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་དང་། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དགའ་ཞེན་ཡོད་པས་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

ཉི་མ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་ཧྲི་ལེན་གྲོང་ཚོ་(舍联乡)ནས་ཡིན་ཞིང་། སི་ཁྲོན་མི་རིགས་དགེ་འོས་སློབ་ཆེན་དུ་ཁོང་གིས་བོད་ཀྱི་རིག་གཞུང་ཞིབ་འཇུག་སྐོར་ལ་སློབ་གཉེར་གནང་གི་ཡོད་འདུག་ལ། དུས་རྒྱུན་བོད་སྐད་ཡིག་ལ་དམིགས་བསལ་དོན་གཉེར་གནང་མཁན་ཞིག་ཡིན་པ་མ་ཟད། དར་མདོའི་ཕྱི་གླིང་བ་མང་པོར་བོད་ཀྱི་ལོ་རྒྱུས་དང་སྤྱིའི་གནས་བབ་ངོ་སྤྲོད་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པར་བརྟེན། ངོ་ཤེས་པའི་གཞོན་སྐྱེས་མང་པོ་ཞིག་གིས་ཁོང་ལ་ལོ་ཙཱ་བ་ཞེས་འབོད་ཀྱི་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།