ཨོ་ལིམ་པིཀ་རྩེད་འགྲན་གྱི་བཟོ་གྲྭར་བརྟག་དཔྱད།
2012.01.22
༄༅༎སྤྱི་ལོ་༢༠༡༢ལོའི་ཨིན་ཇིའི་ལོན་ཌོན་ཨོ་ལིམ་པིཀ་ལུས་རྩལ་ལྷན་ཚོགས་ནས་། རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་དེའི་རྟེན་འབྲེལ་མཚོན་ཆེད་ཀྱི་རྩེད་ཆས་བཟོ་སྐྲུན་བྱེད་མཁན་རྒྱ་ནག་གི་རྩེད་ཆས་བཟོ་གྲར་བརྟག་དཔྱད་གནང་རྒྱུ་ཡིན་པ་རེད་འདུག
དེའང་སྤྱི་ལོ་༢༠༡༠ལོའི་ཟླ་བ་༨པའི་ནང་། ཨིན་ཇིའི་ཚོང་དོན་ཚན་པ་ཞིག་ལ་སྤྱི་ལོ་༢༠༡༢ལོའི་དབྱིན་ཇིའི་ལོན་ཌོན་ཨོ་ལིམ་པིཀ་ལུས་རྩལ་འགྲན་ཚོགས་ཀྱི་རྟེན་འབྲེལ་མཚོན་ཆེད་ཀྱི་རྩེད་ཆས་བཟོ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་། གོ་སྐབས་ཐོབ་རྗེས་། ཨིན་ཇིའི་ཚོང་དོན་ཚན་པ་དེས། རྟེན་འབྲེལ་མཚོན་ཆེད་ཀྱི་རྩེད་ཆས་དེ་བཞིན་རྒྱ་ནག་གི་རྩེད་ཆས་བཟོ་གྲ་ཞིག་གིས་བཟོ་སྐྲུན་བྱེད་རྒྱུའི་བཀོད་སྒྲིག་བྱས་ཡོད་ལ། ཡིན་ནའང་། ད་ཆ་གསར་འགྱུར་རྒྱུད་ལམ་མང་པོ་ཞིག་གི་ཐོག རྒྱ་ནག་གི་རྩེད་ཆས་བཟོ་གྲ་དེའི་ལས་ཀ་བྱེད་སའི་ཁོར་ཡུག་ཡག་པོ་མེད་པ་མ་ཟད། བཟོ་པ་ཚོའི་གླ་ཆ་ཧ་ཅང་དམའ་པོ་ཡིན་པ་སོགས་ཀྱི་གནད་དོན་མང་དག་ཞིག་འཐེར་བཏོན་བྱས་ཡོད་པས་། དེར་བརྟེན་ད་རེས་ཉེ་ཆར་། སྤྱི་ལོ་༢༠༡༢ལོའི་ཨིན་ཇིའི་ལོན་ཌོན་ཨོ་ལིམ་པིཀ་ལུས་རྩལ་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་ནས་གཏམ་བཤད་ཅིག་གནང་ཏེ། ལྷན་ཚོགས་དེའི་ངོས་ནས་ད་ཆ་འབྲེལ་ཡོད་ཚན་པས་། རྒྱ་ནག་གི་རྩེད་ཆས་བཟོ་གྲ་དེའི་སྐྱོན་འཛུགས་ཁག་གི་ཐོག་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་དགོས་པའི་བཀའ་རྒྱ་བཏང་ཟིན་ཡོད་པ་མ་ཟད། ད་དུང་བརྟག་དཔྱད་བྱས་ཚར་རྗེས་། བརྟག་དཔྱད་བྱས་པའི་མཇུག་འབྲས་འཕྲལ་དུ་གསལ་བསྒྲགས་བྱེད་རྒྱུ་དང་། དེ་ནས་སྐབས་དེའི་བརྟག་དཔྱད་བྱས་པའི་འབྲས་བུ་དང་འཚམས་པའི་ཐོག་ནས་གནས་ཚུལ་ཐག་གཅོད་བྱེད་རྒྱུ་ཡིན་པར་ཡང་གསུངས་འདུག།