རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཡོ་རོབ་ཧང་གྷ་རིར་བོད་མི་ཚོས་ངོ་རྒོལ་བྱས་པར་རྒྱ་མི་རྒྱབ་སྐྱོར་བ་ཚོས་བོད་མི་ཚོ་བཀག་འགོག་བྱ་ཐབས་བྱས་འདུག

2024.05.09
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཡོ་རོབ་ཧང་གྷ་རིར་བོད་མི་ཚོས་ངོ་རྒོལ་བྱས་པར་རྒྱ་མི་རྒྱབ་སྐྱོར་བ་ཚོས་བོད་མི་ཚོ་བཀག་འགོག་བྱ་ཐབས་བྱས་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཡོ་རོབ་ཧང་གྷ་རིར་བོད་མི་ཚོས་ངོ་རྒོལ་བྱས་སྐབས། ༠༥།༠༩།༢༠༢༤
SFT

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཡོ་རོབ་ནང་ཉིན་ལྔ་རིང་འཚམས་གཟིགས་གནང་བཞིན་པར་འདི་ཚེས་༨ཉིན་ཧང་གྷི་རིའི་(Hungary)་རྒྱལ་སར་འབྱོར་ཡོད་པ་དང་། ཚེས་༩་ཉིན་ཧང་གྷི་རིའི་རྒྱལ་ས་སྦུ་དྷ་པེསཊི་(Budapest)་རུ་ཞི་ཅིན་ཕིང་བགྲོད་ལམ་སྒང་གི་ཨེལི་ཛེ་སྦེཐ་ (Elizabeth)་ཟམ་པའི་སྟེང་དུ་བོད་དོན་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་ཞི་ཅིན་ཕིན་ལ་ངོ་རྒོལ་སྐད་འབོད་གནང་སྐབས། དེར་ཡོད་རྒྱ་ནག་གི་རྒྱལ་དར་འཁྱེར་མཁན་གྱི་ལས་འགུལ་བ་ཚོས་བོད་མིའི་ལས་འགུལ་ལ་འགོག་རྐྱེན་བཟོ་ཐབས་བྱས་ཡོད་པ་ངོ་རྒོལ་བྱེད་ཡུལ་ནས་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱི་འགན་འཁུར་བ་ཞི་སྲས་ཚང་འཕྲིན་ལས་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་ཀྱིས། ཟམ་པ་དེའི་སྟེང་ཉུང་མཐར་རྒྱ་མི་ཚོས་རྒྱ་ནག་གི་རྒྱལ་དར་༡༦ཙམ་འཕྱྭར་ཏེ་བོད་མིའི་ལས་འགུལ་མི་མངོན་པའི་ཐབས་ཤེས་བྱས་སོང་། ཞི་ཅིན་ཕིན་འབྱོར་ས་དེར་རྒྱ་མིའི་ཉེན་རྟོག་པ་དང་། གསང་བའི་མི་སྣ་མང་པོ་བཀྲམ་འདུག་པ་དེ་དག་གིས་བོད་མི་ལས་འགུལ་བ་ཚོ་འགོག་ཐབས་བྱས་ཏེ་ལས་འགུལ་སྤེལ་རྒྱུ་ཅུང་ཁག་པོ་བྱུང་། རྒྱ་མི་ལས་འགུལ་བ་ཚོས་བོད་མི་ཚོའི་ལག་གི་འཕྲེད་དར་ནག་པོ་“སྲིད་དབང་སྒེར་འཛིན་པ་ཞི་ཅིན་ཕིན་ཁྱེད་ཀྱི་དུས་ཚོད་རྫོགས་པ་རེད། བོད་རང་བཙན་”་ཞེས་འབོད་ཚིག་འཁོད་པ་དེ་འཐེན་ནས་རལ་སྟབས་ང་ཚོས་མུ་མཐུད་དུ་བོད་ཀྱི་རྒྱལ་དར་འཕྱྭར་ཏེ་ངོ་རྒོལ་བྱས་པ་ཡིན། ཧང་གྷ་རིའི་ནང་གནས་བཞུགས་བོད་མི་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱྭར་ནས་ངོ་རྒོལ་བྱས་སྐབས། རྒྱ་མི་ལས་འགུལ་བ་ཡོང་སྟེ་བོད་མི་ཚོའི་ལག་ནས་རྒྱལ་དར་རྩབ་ཧྲལ་དུ་བཏང་སྟེ་ངོ་རྒོལ་བྱེད་རྒྱུར་འགོག་རྐྱེན་བཟོས་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་ལ། ཁོང་ཚོས་ལས་འགུལ་སྤེལ་ཚར་རྗེས་གནམ་ཐང་ཕྱོགས་སུ་བསྐྱོད་སྐབས་རྒྱ་མི་ཁག་ཅིག་གིས་ཁོང་ཚོ་རྗེས་འདེད་བྱས་བྱུང་པ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས་གནམ་ཐང་ནས་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཀྱི་ལས་འགུལ་སྐབས་ཧང་གྷི་རིའི་མི་སེར་ཡིན་པའི་བོད་མི་ཁག་ཅིག་དང་། རྒྱལ་ཁབ་གཞན་ནས་ཆེད་དུ་ཕེབས་པའི་སུད་སི་ནས་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱི་འགན་འཁུར་བ་ཞི་སྲས་ཚང་འཕྲིན་ལས་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས། (Austria)་ནས་དང་བླང་བོད་དོན་ཞུ་སྐུལ་པ་ཐུབ་བསྟན་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བསྟན་འཛིན་དབྱངས་འཛོམས་བཅས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཡོ་རོབ་ནང་གི་གཟིགས་སྐོར་ཐོག་མ་ཧྥ་རན་སིའི་ནང་འབྱོར་སྐབས་ཧྥ་རན་སི་གཙོས་པའི་ཡོ་རོབ་ཡུལ་གྲུ་ཁག་ནང་གནས་སྡོད་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་རེད། བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་དང་བཅས་པ་རྩ་མེད་བཟོ་མཁན་ཞིག་རེད་ཅེས་འབོད་ཚིག་སྒྲོག་བཞིན་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།

ཞི་ཅིན་ཕིན་ད་རེས་ཧང་གྷ་རིའི་རྒྱལ་སར་འབྱོར་བ་ནི་ཡོ་རོབ་ཁུལ་དུ་ལོ་ལྔའི་རྗེས་སུ་འབྱོར་བ་ཞིག་ཡིན་ཞིང་། གཙོ་བོ་ཚོང་དོན་རྒྱ་བསྐྱེད་ཆེད་དམིགས་པ་ཞིག་ཡིན་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎