ཧྥ་རན་སའི་ནང་འགྲེམས་སྟོན་ཁང་གཉིས་ནས་རྒྱ་ནག་གི་འདོད་མོས་བཞིན་བོད་ལ་Xizangཞེས་བྲིས་པར། རྒྱལ་ས་པ་རེ་སེའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ།

2024.09.21
ཧྥ་རན་སའི་ནང་འགྲེམས་སྟོན་ཁང་གཉིས་ནས་རྒྱ་ནག་གི་འདོད་མོས་བཞིན་བོད་ལ་Xizangཞེས་བྲིས་པར། རྒྱལ་ས་པ་རེ་སེའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ། ཧྥ་རན་སིའི་རྒྱལ་སར་ཡོད་པའི་གྷུའི་མེ་ཊི་(Guimet)་འགྲེམས་སྟོན་ཁང་གི་མདུན། ༠༤།༢༧།༢༠༢༤
Tibet Tenzin

* གནས་ཚུལ་ཁ་སྣོན་བྱས་ཡོད། ༠༩།༢༣།༢༠༢༤

རྒྱ་ནག་གཞུང་གིས་བར་སྐབས་ནས་བཟུང་གཞུང་འབྲེལ་གྱིས་བོད་ལ་དབྱིན་ཇིའི་སྐད་ཡིག་ནང་TIBETཞེས་འབོད་པ་དེ། རྒྱ་ནག་གཞུང་གིས་རྒྱ་ནག་སྐད་ནང་བོད་རང་སྐྱོང་ལྗོངས་མཚོན་ཐབས་སུ་བཀོལ་བཞིན་པའི་མིང་ Xizang ཞེས་པར་ཨུ་ཚུགས་ཀྱིས་བསྒྱུར་ནས་རྒྱ་ཁྱབ་ཏུ་སྤེལ་བཞིན་པ་ལྟར། ཉེ་ལམ་ནས་ཡོ་རོབ་ཧྥ་རན་སི་རྒྱལ་ཁབ་ཀྱི་ནང་ Musee de Quais Branlyདང་Guimetཟེར་བའི་འགྲེམས་སྟོན་ཁང་གཉིས་ཀྱི་ནང་། བོད་ཀྱི་འགྲེམས་སྟོན་དང་འབྲེལ་བའི་ཐད་TIBETཞེས་པའི་ཚབ་ལ་Xizangདང་ཧི་མ་ལ་ཡའི་འཇིག་རྟེན་སོགས་བཏགས་ཏེ་འགྲེམས་སྟོན་བྱེད་ཀྱི་ཡོད་པས། ཧྥ་རན་སིའི་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དྲུག་མཉམ་རུབ་ཀྱིས། འགྲེམས་སྟོན་དེ་གཉིས་ཀྱི་ལས་བྱེད་དང་འགན་འཛིན་སོགས་ལ་ཡི་གེ་བྲིས་ཏེ་ཐུག་འཕྲད་ཀྱི་རེ་སྐུལ་ཞུས་ཡོད་ནའང་། ཁོ་ཚོས་བདུན་ཕྲག་གཅིག་གི་རིང་ཡ་ལན་གནང་མེད་པར་བརྟེན། ཕྱི་ཟླ་༩པའི་ཚེས་༢༡ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་འགྲེམས་སྟོན་ཁང་དེ་གཉིས་ཀྱིས་རྒྱ་ནག་གཞུང་དང་ལག་སྦྲེལ་བྱས་པར་ངོས་འཛིན་གནང་སྟེ། གཞི་རྒྱ་ཆེ་བའི་སྐད་འབོད་ལས་འགུལ་སྤེལ་བཞིན་པ་སོགས་ཧྥ་རན་སིའི་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག

ཁོང་གིས་འགྲེམས་སྟོན་ཁང་གི་ནང་གཟིགས་སྐོར་དུ་དེང་དུས་ཀྱི་ཤེས་ཡོན་ཅན་དང་ལྷག་པར་བྱིས་པ་ལོ་ཆུང་སློབ་གྲྭ་འགྲིམས་བཞིན་པ་རྣམས་གཟའ་མཇུག་ཏུ་འཁྲིད་པའི་གོམས་གཤིས་ཡོད་པར་བརྟེན། ཁོང་ཚོ་ཕྱི་རྒྱལ་གྱི་ཕྲུ་གུ་རྣམས་མ་འོངས་པར་འཚར་ལོངས་འབྱུང་རིམ་བཞིན་ཀླད་པའི་ནང་ཐང་ག་དང་སྐུ་འདྲ་སོགས་མིག་གིས་མཐོང་མ་ཐག བོད་ཀྱི་ཚབ་ཏུ་Xizangའཁོར་བའི་མུར། ཤི་ཙང་ནི་རྒྱ་ནག་གི་མངའ་སྡེ་ཞིག་ཡིན་པ་ཀླད་པའི་ནང་འཁོར་ཐབས་ཀྱི་འཆར་གཞི་བཏིང་གི་ཡོད་པར། ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཐེངས་འདིར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུས་པའི་སྐད་འབོད་ཀྱི་ལས་འགུལ་དེའི་ཐོག་ཁྱོན་མི་གྲངས་ ༧༠༠ ལྷག་ནས་མཉམ་བཞུགས་གནང་འདུག་ཅིང་། ཡོང་རྒྱུ་བསྡད་པའི་བདུན་ཕྲག་ནང་དུའང་བོད་རང་བཙན་སློབ་ཕྲོག་ཚོགས་པའི་ངོས་ནས་ལས་འགུལ་དེ་འདྲ་བ་ཞིག་སླར་ཡང་སྤེལ་འཆར་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ལོའི་ཟླ་༡༠པའི་ནང་ནས་བོད་ཡོངས་རྫོགས་ཀྱི་ངོ་བོ་མཚོན་ཐུབ་པའི་དབྱིན་སྐད་ཀྱི་TIBETཞེས་པའི་མིང་དེ། རྒྱ་ནག་གཞུང་གིས་རྒྱ་སྐད་ནང་བོད་རང་སྐྱོང་ལྗོངས་མཚོན་པར་བཀོལ་བའི་Xizangཟེར་བར་བསྒྱུར་ཏེ། སྐབས་དེ་ཤེད་ནས་བཟུང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་མཚོན་པའི་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཏུ་TIBETཟེར་བ་རྩ་བ་ནས་མཐོང་མི་ཐུབ་པར་བཟོས་ཡོད་ཅེས། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གིས་དོ་ནན་ཆེན་པོས་སྤེལ་ཡོད་ཅིང་། བོད་དོན་ཆེད་མཁས་པ་ཚོས་དབྱིན་སྐད་ནང་TIBEཞེས་པའི་མིང་དེ། བོད་རང་སྐྱོང་ལྗོངས་ཙམ་མ་ཟད་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་དང་ཡོན་ནན་བཅས་རྒྱ་ནག་གིས་ཆ་བགོས་ཀྱི་ལྗོངས་དང་ཞིང་ཆེན་བཞིའི་ནང་ཁྱབ་པའི་བོད་ས་ཡོངས་རྫོགས་མཚོན་ཐུབ་ཀྱི་ཡོད་སྟབས། མིང་བསྒྱུར་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་ངོ་བོ་ནག་བསུབ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།

གནས་ཚུལ་ཁ་སྣོན།

གོང་ཞུས་གནས་ཚུལ་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཧྥ་རན་སིའི་འགྲེམས་སྟོན་ཁང་དེ་གཉིས་ལ་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་ཀྱང་ད་ལྟའི་ཆར་ལན་འདེབས་གང་ཡང་བྱུང་མ་སོང་། དེའི་སྔོན་སྤྱི་ཟླ་༩བའི་ཚེས་༣ཉིན་གནད་དོན་དེའི་ཐད་བོད་རིག་པ་བ་དང་རྒྱ་ནག་གི་ཆེད་ལས་མཁས་པ་ཁག་ཅིག་གིས་མཉམ་འབྲེལ་ཐོག་སྤེལ་བའི་རྩོམ་ཡིག་ནང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་གིས་བོད་ཅེས་པའི་ཚབ་ཏུ་ཤིས་ཙང་རང་སྐྱོང་ལྗོངས་ཟེར་བ་དང་ཧི་མ་ལ་ཡའི་འཇིག་རྟེན་ཟེར་བ་སོགས་ཐ་སྙད་བེད་སྤྱོད་ཀྱིས་མིང་བསྒྱུར་བཅོས་བཏང་བ་དང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་ཏུ་ལོ་རྒྱུས་བསྐྱར་འབྲི་བྱེད་ཐབས་ཀྱི་རྒྱ་ནག་གི་ཤུགས་རྐྱེན་བསླེབས་ཡོད་པ་སོགས་ལ་སྐྱོན་བརྗོད་གནང་ཡོད་པ་མ་ཟད། འདི་ནི་སེམས་ཚབས་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ང་ཚོའི་ཚན་རིག་དང་རིག་གཞུང་གི་ཚོགས་སྡེ་ཁག་གིས་གནད་དོན་དེ་གལ་ཆེན་ཞིག་ཏུ་བརྩིས་ནས་མང་གཙོ་མིན་པའི་ཕྱིའི་རྒྱལ་ཁབ་ཀྱི་ཐེ་ཇུས་ལ་ངོས་ལེན་བྱེད་མི་རུང་བའི་ནན་སྐུལ་བྱས་ཡོད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཀྱང་དེ་དང་འབྲེལ་ནས་ཧྥ་རན་སིའི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་སྐུལ་ཡི་གེ་ཕུལ་ཡོད་པ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུངས་བྱུང་། དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་གིས་འདི་ཚེས་༡༨ཉིན་བསྒྲགས་གཏམ་སྤེལ་བའི་ནང་། ད་རེས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་རྟེན་གཞི་བྱས་པའི་བྷེ་རན་ལི་(Branly)་འགྲེམས་སྟོན་ཁང་དང་། གྷུའི་མེ་ཊི་(Guimet)་འགྲེམས་སྟོན་ཁང་གཉིས་ཀྱིས་འགྲེམས་སྟོན་སྐབས་བོད་ཅེས་པའི་ཚབ་ཏུ་རྒྱ་སྐད་དུ་བསྒྱུར་བའི་ཤིས་ཙང་རང་སྐྱོང་ལྗོངས་(Xizang Autonomous Region)་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་བར་སེམས་ཁྲལ་དང་བློ་ཕམ་ཧ་ཅང་ཆེན་པོ་ཡོད། དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་གི་ཐག་གཅོད་དང་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་བ་ཞིག་ཡིན་པས་ཁས་ལེན་ཐབས་མེད་པ་བསྒྲགས་འདུག འདི་ལོའི་ཕྱི་ཟླ་༧ཚེས་༡༢ཉིན། ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་གསལ་བསྒྲགས་གནང་བའི་ནང་། རྒྱ་གཞུང་གིས་བོད་འདི་གནའ་སྔ་མོ་ནས་རྒྱ་གཞུང་གི་ཆ་ཤས་ཡིན་ཟེར་བ་དེ་ལོ་རྒྱུས་ཐོག་དངོས་བདེན་མིན་པ་དང་། བོད་ཅེས་པ་དེ་རྒྱ་གཞུང་གིས་སྒྲོག་བཞིན་པའི་ཤིས་ཙང་ཁོ་ན་མ་ཡིན་པར་ཆོལ་ཁ་གསུམ་གྱི་ས་ཁྱོན་ཚུད་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་མ་ཟད། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་ཚོས་སོ་སོའི་ཆོས་དང༌། རིག་གཞུང༌། སྐད་ཡིག ལོ་རྒྱུས། མི་ཚེ་སྐྱེལ་སྟངས་དང་། ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་པའི་ནུས་སྟོབས་ལ་འགོག་རྐྱེན་དང་གནོན་ཤུགས་བྱེད་བཞིན་ཡོད་ཅེས་གསལ་སྟོན་གནང་ཡོད་པ་རེད་ཅེས་སྲིད་སྐྱོང་མཆོག་གིས་གསལ་འདེབས་གནང་འདུག

ཧྥ་རན་སིའི་(du quai Branly)་འགྲེམས་སྟོན་ཁང་གི་དཀར་ཆག

Tibet du quai Branly1.png
ད་ཆ་(du quai Branly)་ཞེས་པའི་འགྲེམས་སྟོན་ཁང་གི་དཀར་ཆག་ཡིག་ཆ་གསར་དུ་དཔར་བསྐྲུན་བྱས་པའི་ནང་བོད་མིང་ལ་ནོར་བཅོས་བྱས་ནས་རྒྱ་སྐད་ཀྱི་ཤིས་ཙང་(Xizang)་ཞེས་བ་མེད་པར་བཟོས་ཏེ་བོད་མིང་ལ་དབྱིན་ཡིག་ནང་(Tibet)་ཞེས་བརྗེ་ཟིན་འདུག ཡིན་ན་ཡང་བོད་ནས་བྱུང་བའི་གནའ་རྫས་ཅ་དངོས་ཀྱི་ཐོ་གཞུང་དུ་མུ་མཐུད་དུ་(Xizang)་རང་འཇགས་བཞག་ཡོད་སྟབས་བདུན་ཕྲག་འདིའི་ནང་འགྲེམ་སྟོན་ཁང་གི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་གནང་ནས་བཀའ་མོལ་ཞིབ་ཕྲ་གནང་རྒྱུའི་དུས་ཚོད་བཟོས་གནང་ཡོད་པ་ཡོ་རོབ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཧྥ་རན་སིའི་(du quai Branly)་འགྲེམས་སྟོན་ཁང་གི་དཀར་ཆག

Tibet du quai Branly2.png
ཧྥ་རན་སིའི་(du quai Branly)་འགྲེམས་སྟོན་ཁང་གི་དཀར་ཆག

Tibet du quai Branly3.png


གསར་འགོད་པ། བློ་བྷེ། ཚེ་དབང་དངོས་གྲུབ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎