སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་འཛིན་གསར་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད།

2021-04-23
Share
སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་འཛིན་གསར་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད། སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་འཛིན་གསར་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་སྐབས། ༤།༢༡།༢༡
OOT, Washington

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཨ་མི་རི་ཀའི་རྒྱལ་སར་ཕེབས་འབྱོར་དང་བསྟུན་ཨ་རིའི་གཞུང་འཛིན་གསར་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག
འདི་ཚེས་༢༡རེས་གཟའ་མིག་དམར་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཨ་མི་རི་ཀའི་རྒྱལ་སར་ཕེབས་འབྱོར་དང་བསྟུན་ཨ་རིའི་གཞུང་འཛིན་གསར་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག
དེའི་ཐད་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོར་གཏམ་བཤད་གནང་སྐབས། ཁོང་གིས་ད་ཐེངས་ཨ་རིའི་ཕོ་བྲང་དཀར་པོ་དང་། ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ལས་བྱེད་དང་མཇལ་མོལ་གནང་རྒྱུ་བྱུང་བ་དང་། ད་དུང་ཕྱི་ཚེས་༢༡ཉིན་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ལས་བྱེད་པ་ཁག་ཅིག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་ཐེངས་དང་པོར་ཕེབས་ནས་བོད་དོན་ཐོག་གོ་བསྡུར་གནང་བ་ནི་ལོ་རྒྱུས་ཀྱི་དོན་སྙིང་དུ་གྱུར་ཚུལ་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཉེ་ལམ་རྒྱ་གར་ནས་ཨ་རིའི་ཁུལ་དུ་སྲིད་སྐྱོང་གི་ལས་ཡུན་ཚང་བའི་ཐོན་མཇལ་སྐོར་བསྐྱོད་དང་། མི་མང་ལ་ཐུགས་རྗེ་ཆེ་ཞུའི་སླད་ཕེབས་ཡོད་པ་དང་། དེ་དང་ཕྱོགས་མཚུངས་ཕེབས་དོན་གཙོ་བོ་གཅིག ཨ་རིའི་གཞུང་འཛིན་གསར་རྙིང་འཕོ་འགྱུར་རྗེས་སུ་གཞུང་གསར་པར་བོད་དོན་ཐད་ཞུ་སྐུལ་དང་འཚམས་འདྲིའི་སླད་ཕེབས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་དགོང་དྲོའི་གསོལ་སྟོན་བཤམ་གནང་བར། ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་མི་སྣ་གདན་ཞུ་ལྟར་ཕེབས་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ད་ཐེངས་མཇལ་འཕྲད་ཞུས་བའི་གྲས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་ལས་ཚབ་(Nancy Jackson)དང་། དྲུང་ཆེ་ལས་རོགས་གཞོན་པའི་ལས་ཚབ་(Richard Albright) དྲུང་ཆེ་ལས་རོགས་(Thompson)་བཅས་ཡོད་པ་དང་། ཚེས་༢༢ཉིན་ཕོ་བྲང་དཀར་པོའི་ལས་བྱེད་དང་དྲ་ལམ་ནས་མཇལ་མོལ་གནང་བ་དང་། དེ་བཞིན་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་ཆེ་ལས་རོགས་ཁག་ཅིག་དང་ལྷན་མཇལ་མོལ་གནང་ཡོད་འདུག་ལ། སྐབས་དེར་བོད་ནང་གི་བོད་མིའི་དཀའ་སྡུག་གནས་སྟངས་དང་། བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་གང་མགྱོགས་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་ཡོད་པ། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་ལས་ཡུན་ཕྱི་ཟླ་༥ཚེས་༢༦ ཉིན་འཁྱུར་གྱི་ཡོད་པས། འོས་བསྡུའི་ལས་རིམ་ཚར་མ་ཐག་པའི་ད་བར་གྱི་འོས་བསྡུའི་གྲངས་འབོར་ནས་ཤེས་རྟོགས་ཐུབ་པ་ལྟར་ན། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་མ་འོངས་སྲིད་སྐྱོང་དུ་ངེས་ཡོད་སྟབས། ད་ལྟའི་བཀའ་ཤག་གི་ངོས་ནས་རྩིས་འབུལ་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་དང་། མ་འོངས་བའི་སྲིད་སྐྱོང་ལ་འཚམས་འདྲི་ཡོད་ཅེས། འདི་ཚེས་༢༣་ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཐུགས་རྗེ་ལེགས་འབུལ་གྱི་གསོལ་སྟོན་སྐབས་གསུངས་ཡོད་པ་རེད།
སྲིད་སྐྱོང་མཆོག་འདི་ཚེས་༢༤་རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་བོད་མི་ཚོ་དང་མཇལ་འཕྲད་རྗེས་ཚེས་༢༥ཉིན་ཕྱིར་རྒྱ་གར་དུ་ཕེབས་ཐོན་གནང་གི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།