སྲིད་སྐྱོང་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག

2024.07.15
སྲིད་སྐྱོང་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་སྐབས། ༠༧།༡༥།༢༠༢༤
འཕྲིན་ལས་ཆོས་སྒྲོན། /RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདས་བའི་ཉིན་ཤས་རིང་སྲིད་སྐྱོང་མཆོག་གིས་ལ་དྭགས་ཡུལ་ཀྱི་རྒྱལ་ས་གླེ་དང་བྱང་ཐང་སོགས་སུ་གནས་སྡོད་བོད་མི་རྣམས་དང་མཇལ་འཕྲད་དང་། ཡང་གཞིས་ཆགས་དང་འབྲོག་སྡེ་བཅས་ལ་འཚམས་གཟིགས་ཡོངས་སུ་འགྲུབ་རྗེས། ཕྱི་ཟླ་༧པའི་ཚེས་༡༥ཉིན་སྲིད་སྐྱོང་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཚོ་དང་མཇལ་མོལ་གནང་ཡོད་པ་རེད།
དང་ཐོག་སྲིད་སྐྱོང་མཆོག་གིས་ལ་དྭགས་གླེ་ཇོ་བོའི་བཙུག་ལག་ཁང་དུ་མཇལ་ཁར་བཅར་བའི་རྗེས། ལ་དྭགས་ནང་པའི་ཚོགས་འདུའི་ལས་ཁུངས་སུ་ལ་དྭགས་ནང་ཚོགས་དང་ལ་དྭགས་དགོན་སྤྱི་ལྷན་ཚོགས་ཀྱི་དབུ་སྐྱོང་གཙོའི་རྒྱུན་ལས་རྣམས་དང་མཇལ་ཕྲད་གནང་བའི་སྐབས། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནང་གཏན་འབེབས་བྱུང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་བོད་དོན་ཁྲིམས་ཡིག་ལ་སྤྱི་ཟླ་༧པའི་ཚེས་༡༢ཉིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་མཚན་རྟགས་བསྐྱོན་པར། ལ་དྭགས་ནང་ཚོགས་ཀྱི་དྲུང་ཆེ་མཆོག་གིས་ལ་དྭགས་ནང་པའི་མི་མང་གི་ཚབ་ཞུས་ཏེ་དགའ་བསུ་དང་འཚམས་འདྲི་ཞུས་གནང་སོང་།

Sikyong penpa Tsering ladakh (5).JPG
དེའི་རྗེས་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ལས་ཁུངས་ནང་། སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་གཙོས་ས་གནས་ཀྱི་རྒྱུན་ལས་དང་སྤྱི་འཐུས་རྣམ་པར། གཞན་ས་གནས་སུ་གནས་སྡོད་བོད་མི་རྣམས་དང་འབྲེལ་བ་ཡོད་པ་སྤྱི་འཐུས་བཀྲཤིས་རྣམ་རྒྱལ་གཡག་རྫི་ལགས་དང་། ཡེ་ཤེས་དཔལ་བཟང་ལགས་བཅས་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་གཙོ་བོ་ལ་དྭགས་སུ་གནས་བཞུགས་གནང་མཁན་གྱི་བོད་མི་རྣམས་ཀྱི་བདེ་སྡུག་གཙོ་བོར་བཟུང་བའི་ཐོག་གྲོས་མོལ་རྒྱས་པ་ཚོགས་པའི་སར། ས་གནས་འཛིན་སྐྱོང་གིས་ད་བར་ལ་དྭགས་ས་གནས་སུ་གནས་བཞུགས་ཡོད་པའི་བོད་མི་རྣམས་དང་། སློབ་གྲྭ རྒན་གསོ་ཁང་། དགོན་སྡེ་ཁག་བཅས་ལ་འདས་པའི་དུས་སུ་རོགས་སྐྱོར་དང་ཡར་རྒྱས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་ད་དུང་མུ་མཐུད་དུ་རོགས་རམ་མཐུན་འགྱུར་གནང་དགོས་བ་སྲིད་སྐྱོང་མཆོག་གིས་རེ་སྐུལ་གནང་འདུག་ལ། ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་ལ་སྤྱི་ལས་ཁུངས་ནས་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ལ་དྭགས་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ གསོལ་སྟོན་བཤམ་འདུག
སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༡༦་ཉིན་ལ་དྭགས་དབུས་གཞུང་མངའ་སྡེའི་(LG)་མཆོག་དང་མཇལ་འཕྲད་གནང་རྒྱུ་དང་ཉིན་རྒྱབ་ས་གནས་ཀྱི་བོད་མི་རྣམས་དང་མཉམ་ཚོགས་ཆེན་འཚོགས་རྗེས་ཕྱི་ཚེས་༡༧ཉིན་སྲིད་སྐྱོང་མཆོག་ལ་དྭགས་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་། སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་བཅར་ཞུ་རྒྱུ་དང་། མཛད་རིམ་གཞན་ཁག་ཅིག་གི་ཆེད་ཕྱི་ཟླ་༧པའི་ཚེས་༡༨ནས་ཟླ་༨ཚེས་༤བར་ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ཐད་གཏོང་པ་བཀྲ་ཤིས་ཉི་མ་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྐོར་བཤད་པ་སོགས་ལ་བརྟེན་ཉིན་གསུམ་རིང་བཀག་ཉར་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་ལས་ཉིན་གཉིས་པར་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐད་བགྲོ་གླེང་གནང་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎