སྲིད་སྐྱོང་མཆོག་དང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད།

2021-02-22
Share
སྲིད་སྐྱོང་མཆོག་དང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད། སྲིད་སྐྱོང་མཆོག་དང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད་སྐབས།
Prem Singh Tamang/FB

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་སྒང་ཏོག་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་འཕྲད་ཞུས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། འདི་ཚེས་༢༢ཉིན་གྱི་ཞོགས་པ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུརེམ་སེན་རྟ་མང་(Prem Singh Tamang)ལགས་ཀྱི་གཞུང་འབྲེལ་བཞུགས་གནས་མེ་ཏོག་སྒང་གཟིམ་ཤག་དུ་མཇལ་འཕྲད་ཞུས་ནས་དུས་ཡུན་ཆུ་ཚོད་༢རིང་བཀའ་མོལ་གནང་ཡོད་པ་རེད།
འདི་གའི་གསར་འགོད་པས་ཐེངས་འདིའི་མཇལ་འཕྲད་སྐབས་བཀའ་མོལ་གཙོ་བོ་གང་བྱུང་ཡོད་མེད་སྐོར་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུ་རྒྱུའི་འབད་བརྩོན་ཞུས་ཀྱང་། སྲིད་སྐྱོང་མཆོག་ར་སྦང་ལ་ཁུལ་དུ་མཛད་བྲེལ་ཡོད་པའི་རྐྱེན་གྱིས་བཅར་འདྲི་གནང་ཐུབ་མེད། ཡིན་ན་ཡང་འབྲེལ་ཡོད་ལས་བྱེད་ཁག་གཅིག་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་སྐྱོང་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་ལ་འབྲས་ལྗོངས་ཁུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་སེལ་ཆེད་མགྱོགས་མྱུར་མངའ་སྡེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་༢༠༡༤དངོས་སུ་ལག་བསྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་མཚོན་ཆེད་དུ་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མཚོན་རྟགས་ཞིག་ཀྱང་འབུལ་ཡོད་པ་རེད་འདུག
ད་རེས་སྲིད་སྐྱོང་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བར་གྱི་མཇལ་འཕྲད་ཐད། སྒང་ཏོག་དཔལ་འབྱོར་རྣམ་རྒྱལ་བོད་ཡིག་སློབ་དགེ་དང་ས་འཐུས་ཚོགས་ཟུར་ཨ་ཅརྱ་རིན་ཆེན་ལགས་ནས་གསུང་ན། ད་ལྟ་རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་རྩོད་རྙོག་ཡོང་བཞིན་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབྲས་ལྗོངས་ཁུལ་དུ་ཕེབས་པ་ཙམ་དུ་མ་ཟད། མངའ་སྡེའི་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་པ་དེ་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གྱི་ཡོད་པ་གསུངས་ཀྱི་འདུག
ཡང་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Rudra Podyal)ལགས་ཀྱིས། ངའི་བསམ་པར་ད་རེས་སྲིད་སྐྱོང་མཆོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་འཕྲད་ཞུས་དོན་གཙོ་བོ་དེ་ཁུལ་དེར་གནས་སྡོད་བོད་མི་བཙན་བྱོལ་བ་ཚོ་ལ་སྔར་ལྷག་རོགས་སྐྱོར་གནང་སྐྱོང་ཡོང་བའི་ཆེད་དང་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཆེད་ཡིན་པ་གསུངས་ཀྱི་འདུག
སྲིད་སྐྱོང་མཆོག་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་རྗེས་ཁོང་ར་སྦང་ལ་ཀུན་ཕན་གླིང་བོད་མིའི་གཞི་ཆགས་སུ་ཕེབས་ཐོན་ཀྱི་ས་གནས་མི་མང་ལ་ཐུག་འཕྲད་དང་བཀའ་སློབ་སོགས་གནང་ཡོད་པ་རེད་འདུག
གཞི་རྩའི་སྲིད་སྐྱོང་མཆོག་གི་ལས་ཡུན་ཟླ་བ་གསུམ་ལས་ལྷག་མེད་པ་དང་། དེ་བས་ཐེངས་འདིའི་སྲིད་སྐྱོང་མཆོག་གི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་དེ་ཕལ་ཆེར་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།