ཉག་ཆུ་རྫོང་གི་ཆུ་མཛོད་དང་ཉི་ནུས་གློག་ཆས་ཀྱིས་གློག་མཁོ་འདོན་དངོས་སུ་མགོ་ཚུགས་ཡོད་ཀྱང་ས་གནས་ཡུལ་མི་ཚོར་ས་ཆའི་གུན་གསབ་སོགས་གང་ཡང་མ་སྤྲད་པར་འཛུགས་སྐྲུན་བྱས་ཡོད་འདུག

2023.06.27
ཉག་ཆུ་རྫོང་གི་ཆུ་མཛོད་དང་ཉི་ནུས་གློག་ཆས་ཀྱིས་གློག་མཁོ་འདོན་དངོས་སུ་མགོ་ཚུགས་ཡོད་ཀྱང་ས་གནས་ཡུལ་མི་ཚོར་ས་ཆའི་གུན་གསབ་སོགས་གང་ཡང་མ་སྤྲད་པར་འཛུགས་སྐྲུན་བྱས་ཡོད་འདུག ཉག་ཆུ་ཡིད་བཞིན་སྡེ་བའི་རྩ་ཐང་དུ་ཆེད་འཛུགས་བྱས་པའི་ཉི་ནུས་གློག་ཆས།
བོད་འབྱོར།

ཕྱི་ཟླ་༦ཚེས་༢༤ཉིན་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཡིད་བཞིན་སྡེ་བའི་རྩྭ་ཐང་དུ་ཆེད་འཛུགས་བྱེད་བཞིན་པ། འཛམ་གླིང་སྟེང་གི་ཉི་ནུས་གློག་ཆས་ཆེ་ཤོས་དང། ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་མཛོད་གློག་འདོན་མཐོ་ཤོས་ནས་གློག་མཁོ་འདོན་བྱེད་མགོ་ཚུགས་ཡོད་པ་དང་། མཉམ་སྦྲེལ་བྱས་ཡོད་པའི་ཆུ་མཛོད་དང་ཉི་ནུས་གློག་བར་རིང་ཚད་སྤྱི་ལེ་༥༠་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གློག་འདོན་ས་ཚིགས་དེ་ནས་ཆ་སྙོམས་གློག་ནུས་འདོན་ཚད་སྟོང་ཝ་ཐེར་འབུམ་གཉིས(2 billion kilowatt)མཁོ་འདོན་ཐུབ་སྐོར་བརྗོད་ཡོད་པ་དང་། འབྲེལ་ཡོད་ས་གནས་བོད་མི་གཉིས་ནས་རྒྱ་ནག་གཞུང་གིས་ཉག་ཆུ་ཡིད་བཞིན་སྡེ་བའི་རྩྭ་ཐང་སྟེང་། ཉི་ནུས་གློག་ཆས་གསར་འཛུགས་སྐབས་འབྲོག་པ་ཚོའི་རྩ་ས་འབོར་ཆེན་བླངས་ཡོད་ཀྱང་། ས་གནས་ཡུལ་མི་ཚོར་ད་དུང་རྩྭ་སའི་གུན་གསབ་རིགས་གང་ཡང་སྤྲད་མེད་པར་བཙན་ཐབས་ཀྱིས་འཛུགས་སྐྲུན་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་ཉི་ནུས་གློག་ཆས་ཆེད་འཛུགས་བྱེད་ཡུལ་ཉག་ཆུ་ཡིད་བཞིན་སྡེ་བ་དང་། ཚ་ལེབ་དང་རྡོ་ལྔ། གེར་སྐྱའི་ཉག་ཁ་སོགས་སུ་རྩྭ་ཐང་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༦་སྟེང་། གློག་ཆས་ས་ཡ་༢་ཆེད་འཛུགས་དགོས་སྐོར་སོགས་བཀོད་འདུག འབྲེལ་ཡོད་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་གིས་ཉི་ནུས་གློག་ཆས་འཛུགས་སྐྲུན་སྐབས་ས་གནས་ཡུལ་མི་ཚོར། གློག་གི་དགོས་མཁོ་དང་བེད་སྤྱོད་སོགས་ངོ་སྤྲོད་གང་ཡང་བྱེད་ཀྱི་མེད་པ་མ་ཟད། ཉི་གློག་གསར་འཛུགས་བྱེད་ཡུལ་དུ་ཉེན་རྟོག་པས་སྐོར་སྲུང་འོག་མི་སྣ་འགྲོ་སྐྱོད་བྱེད་བཅུག་གི་མེད་པ་དང་། གློག་ཆས་དེ་དག་འབྲོག་པ་ཚོས་ཕྱུགས་འཚོ་སྐྱོང་བྱེད་ཡུལ་རྩྭ་ཐང་གི་ཆེས་ཡག་པོ་ཡོད་ཁུལ་དུ་ཆེད་འཛུགས་དང་། ས་གནས་དེ་དག་ཏུ་ཕྱུག་འཚོ་སྐྱོང་བྱེད་མཁན་ཚོ་ཉེ་འཁོར་ས་གནས་གཞན་ལ་ཕྱིར་ཕུད་བཏང་ཡོད་པ་བརྗོད་བྱུང།

དེ་སྔ་ཕྱི་ལོ་༢༠༡༤ལོར་རྒྱ་ནག་གཞུང་གིས་ཉག་ཆུའི་ཆུ་གཉིས་མདོའི་ཆུ་མཛོད་དེ་འཛུགས་སྐྲུན་དང་འབྲེལ། ཕྱི་ལོ་༢༠༡༥ལོར་རྒྱ་ནག་གཞུང་གིས་ཆུ་མཛོད་དེར་ཆུ་གསོག་པ་དང་མཉམ་དུ་ཉེ་འཁོར་དུ་ཡོད་པའི་བོད་པའི་དགོན་སྡེ་ལྔ་དང་། ས་གནས་ཡུལ་མི་གྲངས་སྟོང་དྲུག་ལྷག་ཉག་ཆུའི་ས་གནས་གཞན་དུ་གནས་སྤོར་བྱེད་བཅུག་ཡོད་པ་དང་། ཆུ་མཛོད་དེ་རྒྱ་ནག་ཁྲིན་ཏུའུ་རུ་བརྟེན་གཞི་བྱས་པའི་རྒྱ་ནག་གི་(Research Institute of Power China)ཞེས་པའི་བཟོ་ཚོང་ཁང་གི་འགན་འཁུར་འོག་འཛུགས་སྐྲུན་བྱས་ཡོད་པ་དང་། ཆུ་མཛོད་དང་ཉི་ནུས་གློག་ཆས་མཉམ་སྦྲེལ་གྱིས་གློག་མཁོ་འདོན་བྱ་རྒྱུ་ཡིན་འདུག་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་ཉི་ནུས་གློག་ཆས་འཛུགས་སྐྲུན་དང་འབྲེལ། འདི་ལོའི་ཕྱི་ཟླ་༤ནང་ས་གནས་ཡུལ་མི་ཚོས་སྲིད་གཞུང་ལ་ལས་གཞི་དེ་མཚམས་འཇོག་དགོས་པའི་ཞུ་གཏུགས་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པར་རྩྭ་ཐང་བཙན་འཕྲོག་བྱས་ཡོད་པ་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཉག་ཆུའི་ཆུ་མཛོད་དེ་འཛམ་གླིང་སྟེང་གི་ཆུ་མཛོད་གློག་འདོན་ས་ཚིགས་ཆེ་ཤོས་གཉིས་པ་ཡིན་སྐོར་དང་། ཆུ་མཛོད་དེ་སྐྲུན་པར་རྒྱ་སྒོར་དུར་ཕྱུར་༦༦༤༥༧ལྷག་བཏང་ཡོད་པ་དང་། ཆུ་མཛོད་དེ་སྐྲུན་རྗེས་ས་ཆུའི་ཐོན་ཁུངས་སྲུང་འཛིན་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ཕན་ཐོགས་ཤིང་། ལོ་རེར་ཁྱིམ་ཚང་འབུམ་༧ལ་གློག་མཁོ་འདོན་དང་། རྡོ་སོལ་གྱི་ཁོར་ཡུག་གནོད་སྐྱོན་ཏུན་ཁྲི་༡༣༠༠ལྷག་བཀོལ་སྤྱོད་ཇེ་ཉུང་དུ་གཏོང་གི་ཡོད་པ་བརྗོད་ཡོད་ཀྱང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་ཁག་ཏུ་ལྗིད་ཚད་ཧ་ཅང་ལྕི་བའི་ཆུ་མཛོད་གང་བྱུང་བརྒྱབ་པ་དེས། བོད་ནང་ས་ཡོམ་དང་ཆུ་ལོག་དང་གནམ་གཤིས་སྐྱེས་ཁམས་དོ་མི་སྙོམས་པའི་དཀའ་ངལ་བྱུང་རྒྱུའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎