ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས་དགུང་གྲངས་༨༦ཐོག་འདས་གྲོངས་སུ་ཕེབས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས་སྤྱི་ཟླ་༩བའི་ཚེས་༢༨ཉིན། རྒྱ་གར་ཌོ་ལན་ཇི་བོན་གཞིས་སུ་ཡོད་པའི་གཟིམ་ཤག་ཏུ་སྙུན་གཞིའི་རྐྱེན་པས་དགུང་གྲངས་༨༦་ཐོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད་པ་རེད།
བྱ་དུར་བསོད་ནམས་བཟང་པོ་ལགས་ཕྱི་ལོ་༡༩༣༨ལོར་བོད་ནང་ལ་སྟོད་བྱ་དུར་ཡོན་ཆབ་སྟིང་ཀ་ཞེས་བར་འཁྲུངས། ཕྱི་ལོ་༡༩༥༩ལོར་བལ་ཡུལ་བརྒྱུད་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས་བཙན་བྱོལ་བོད་མིའི་ལམ་ལས་བརྒྱ་ཤོག་གི་ཧིན་རྡུའི་སྐད་བསྒྱུར་དང་སྤྱི་པའི་འགན་འཁྲིའི་ཞབས་ཞུ་སྣ་མང་གནང་། ཕྱི་ལོ་༡༩༦༦ནས་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དགོངས་བཞིན་བོན་གཞིས་ཆགས་ཡུལ་ས་ཆ་འཚོལ་སྒྲུབ་ཞབས་ཞུ་དང་། ཕྱི་ལོ་༡༩༧༩ནས་བོན་གཞིས་ས་གནས་འགོ་འཛིན་བཅས་གནང༌། སྤྱི་ལོ་༡༩༨༢ལོ་ནས་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ་བཅས་ཀྱི་སྤྱི་འཐུས་དང་། ལྷག་པར་སྐབས་བཅུ་གཅིག་པ་དང་བཅུ་གསུམ་པའི་སྤྱི་འཐུས་ཚོགས་གཞོན་གྱི་ལས་འཁུར་བཞེས་མྱོང་། ཕྱི་ལོ་ ༢༠༠༡ཟླ་༩ཚེས་༢༦ ནས་ཕྱི་ལོ་༢༠༠༢ཟླ་༩ཚེས་༣༠ བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གྱི་ཐུགས་འགན་བཞེས་གནང་བ་དང་། ཕྱི་ལོ་༢༠༠༢ ཟླ་༡༠ ཚེས་༡ ནས་༢༠༠༤ ཟླ་༩ ཚེས་༢༨ བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་བཞེས།
སྤྱི་ཟླ་༩ བའི་ཚེས་༣༠ ཉིན་རྒྱབ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་པ་གང་གི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་བ་དང་། གྲོས་ཚོགས་ཚོགས་དུས་དགུ་པར་སྤྱི་མཚུངས་ལྟར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཇོག་རྒྱུ་སོགས་གསལ་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།