མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྟེང་བོད་ནང་གི་གནས་སྟངས་གླེང་འདུག
ཕྱི་ཚེས་༥ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐེངས་༥༦པའི་ཚོགས་འདུའི་སྟེང་། (Brussels)་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་(Mélanie Blondelle)་ལགས་ཀྱིས་(Helsinki)་ཐེབས་རྩ་ཁང་གི་ཚབ་བྱས་ཏེ་གཏམ་བཤད་གནང་སྐབས། ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་ཕྲུ་གུ་རྣམས་བཙན་ཤེད་ཀྱིས་བཅའ་སྡོད་སློབ་གྲྭར་བཅུག་པ་ཐེ་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཚབས་ཆེན་ཡིན་པའི་གནས་སྟངས་གསལ་སྟོན་གནང་བ་དང་། དེ་བཞིན་བོད་ནང་གི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་མི་སྣའི་ཐོག་དྲག་གནོན་བྱས་པ་སོགས་ཐེར་འདོན་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བྱས་ཡོད་འདུག
གཞན་ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་ཐེངས་བཞི་པ་གནང་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་རྒྱབ་གཉེར་དོན་ཚན་༢༣་བཏོན་ཡོད་ཀྱང་ད་ཆ་རྒྱ་ནག་གཞུང་གིས་བསྐྱར་ཞིབ་ཀྱི་དགོས་འདུན་ལས་བརྒྱ་ཆ་༧༠ཙམ་ངོས་ལེན་བྱས་མེད་པ་དང་། དེའི་ཐད་ཇར་མན་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Muller)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་ངོས་ལེན་གནང་མིན་ལ་མ་བལྟོས་བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་དང་ཤར་ཏུར་ཀི་སི་ཐན་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་བྱུང་།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། འདི་ནི་༢༠༡༨ལོའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད། སྐབས་དེར་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། དམ་དྲག་གི་སྲིད་ཇུས་མཚམས་འཇོག་དགོས་བ། རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་སྒོ་རྒྱག་དགོས་བ་དང་། བོད་ཕྲུག་སློབ་མ་རྣམས་ལ་མི་རིགས་རང་གི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། བསྐྱར་ཞིབ་སྐབས་ཚོགས་མི་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་གི་ངོས་ནས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་དུ་བཏོན་པའི་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ལག་བསྟར་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་ཁག་བརྩི་སྲུང་གིས་ལག་བསྟར་དགོས་བ། ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ཕྱིར་འཐེན་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།