རྒྱ་ནག་གཞུང་གིས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་བཞིན་པར་བློ་འཚབ་ཡོད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུངས་འདུག

2023.05.11
རྒྱ་ནག་གཞུང་གིས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་བཞིན་པར་བློ་འཚབ་ཡོད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུངས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས། ༠༥།༠༩།༢༠༢༣
U.S. Department of State

སྤྱི་ཟླ་༥བའི་ཚེས་༩ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་རང་དབང་ཁང་པའི་ལོ་འཁོར་གཟེངས་རྟགས་ཀྱི་མཛད་སྒོར་དམིགས་བསལ་གྱི་སྐུ་མགྲོན་དུ་ཕེབས་ནས་གསུང་བཤད་གནང་བའི་སྐབས་སུ། རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེན་པོའི་ངང་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་བཞིན་པའི་གནས་ཚུལ་ཐོན་བཞིན་པར་ང་ཚོར་སེམས་འཚབ་འདུག དེ་ནི་བོད་ཀྱི་མི་མང་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་དང་ལྟ་རྟོག་བྱ་ཐབས་གཞན་ཞིག་རེད་ཅེས་གསུངས་ཡོད་འདུག
ཁོང་གི་གཏམ་བཤད་ནང་ད་དུང་། མིའི་རིགས་ཀྱི་ཁྲག་རིགས་རྒྱུད་རྫས་བསྡུས་པ་དེས་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལས་གནད་དོན་གཞན་ཞིག་ཐོན་བཞིན་ཡོད། སྐྱེས་དངོས་རིག་པའི་ལག་རྩལ་དར་རྒྱས་སུ་སོང་བ་དང་བསྟུན་ནས། ཁྲག་རིགས་རྒྱུད་རྫས་དེ་ནི་མི་སྒེར་ལ་སྟངས་འཛིན་བྱེད་གཞིར་འགྱུར་ངེས་ཡིན་ལ། ང་ཚོས་རྒྱ་ནག་གཞུང་གིས་འདིའི་སྐོར་གྱི་ནག་ཉེས་སྐོར་ཞིག་ར་འཕྲོད་བྱུང་ཡོད་པ་སྟེ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ལ་རྒོལ་རྡུང་གཏོང་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་གཞི་རྒྱ་ཆེན་པོས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་བཞིན་པའི་གནས་ཚུལ་ཐོན་བཞིན་པར་སེམས་འཚབ་འདུག་ཅེས་གསུངས་འདུག
དེ་ནི་ད་ལྟའི་བར་དུ་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་བཞིན་པའི་གནད་དོན་གླེང་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་འདུག
གཏམ་བཤད་ཆ་ཚང་།

ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་དགུ་པའི་ནང་ཁེ་ཎ་ཌའི་(Toronto)་གཙུག་ལག་སློབ་གྲྭ་ཆེན་མོའི་(Citizen Lab)་ཞེས་པའི་ཚན་རིག་བརྟག་དཔྱད་ཁང་གིས་སྙན་ཐོ་འདོན་སྤེལ་གནང་བའི་ནང་། འདས་པའི་ལོ་ངོ་༦ནང་རྒྱ་ནག་གི་ཉེན་རྟོག་པས་ཕལ་ཆེར་བོད་ནང་གི་བོད་མི་༩༢༠༠༠༠ནས་ས་ཡ་གཅིག་འབུམ་གཉིས་ཙམ་ཀྱི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱས་ཡོད་པ་གསལ་སྟོན་གནང་ཡོད་པ་རེད། སྐབ་དེར་ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལས་ཁང་གིས་ཀྱང་། རྒྱ་ནག་གི་དཔོན་རིགས་ཚོས་འཆར་གཞི་ལྡན་པའི་ཐོག་ནས་མཐའ་ན་བྱིས་པ་ལོ་༥ལས་སོན་མེད་པར་ཡང་ཕ་མར་སྐད་ཆ་ཙམ་ཡང་མ་བྲིས་པར་བཙན་དབང་གིས་(DNA)་བསྡུ་རུབ་བྱ་ཡི་ཡོད་ལུགས་གསུངས་ཡོད་པ་རེད། ཅངཌབག.JPG

ཁེ་ཎ་ཌའི་(Citizen Lab)་ཞེས་པའི་སྤྱི་ཚོགས་ཚན་རིག་བརྟག་དཔྱད་ཁང་གི་ཉམས་ཞིབ་པ་(Emile Dirks)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཁྲག་རིགས་རྒྱུད་རྫས་ཁྱོན་ཆེ་བསྡུ་ལེན་བྱ་བཞིན་པའི་གནད་དོན་ཐད་དོ་སྣང་བྱ་མཁན་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་ཨ་རིའི་གཞུང་གིས་ཐུགས་སྣང་གནང་བར་ཧ་ཅང་དགའ་པོ་བྱུང་། ལྷག་པར་ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinkens)་ལགས་ཀྱིས་ཐད་ཀར་རྒྱ་ནག་གཞུང་གིས་བོད་ མིའི་(DNA)་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱེད་བཞིན་པའི་ཐད་བློ་འཚབ་ཡོད་གསུངས་པ་དེས་རྒྱ་ནག་ལ་གནོན་ཤུགས་ཐེབས་ནས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ལན་རྒྱབ་དགོས་ཐུག་ཡོད་པ་རེད། དེ་ནི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གནད་དོན་དེའི་ཐད་ལན་འདེབས་གསལ་བཤད་བྱས་པ་ཐོག་མ་དེ་ཡིན་བསམ་ཀྱི་འདུག་ཞེས་གསུངས་བྱུང་།
སྤྱི་ཚེས་༡༠ཉིན་རྒྱ་ནག་གི་ཕྱི་འབྲེལ་གྱི་མགྲིན་ཚབ་པ་ཝང་ཝེན་པེན་ཟེར་བས། ཨ་རིའི་ཕྱི་སྲིད་དྲུང་ཆེའི་(Blinken) གཏམ་བཤད་དེར་ཁུངས་ལུང་མེད་ཚུལ་དང་། ཨ་རིའི་དམག་མིས་རྒྱ་ནག་དང་ཨ་རབ། ཡོ་རོབ་ཀྱི་ཨེ་རན་སི་(Aryan)་མི་རིགས་ཀྱི་ཁྲག་རིགས་རྒྱུད་རྫས་བསྡུས་ཡོད་ཚུལ་བཤད་ནས་ཕྱིར་སྐྱོན་བརྗོད་བྱས་ཡོད་འདུག

གསར་འགོད་པ། ཀེ་ཐོ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎