རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སུ་བོད་ཀྱི་ཁོར་ཡུག་སྐོར་ངོ་སྤྲོད།
2012.06.20
༄༅༎རི་ཨོ་ཌི་ཇ་ནེ་རོའོ་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་ཀྱིས་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་གནང་འདུག།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སྦེརེ་ཛིལ་གྱི་རྒྱལ་ས་རི་ཨོ་ཌི་ཇ་ནེ་རོའོ་དུ་གོ་ལའི་ཁོར་ཡུག་དང་མཐུན་པའི་རྒྱུན་གནས་ཐུབ་པའི་དཔལ་འབྱོར་ཡར་རྒྱས་ཀྱི་འཛུགས་སྐྲུན་ལས་གཞི་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་Rio 20 ཞེས་པའི་སྐབས་ ཕྱི་དྲིལ་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་བསྟན་པ་རྒྱན་མཚན་ལས་ཀྱིས་ བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་གནང་བཞག།
ལྷན་ཚོགས་སྐབས་ཀྱི་བརྗོད་གཞི་གཙོ་བོ་གཉིས་ནི། ཁོང་ཡུག་དང་མཐུན་པའི་རྒྱུན་སྲིང་ཕུགས་བརྟན་འཕེར་བའི་དཔལ་འབྱོར་ཡར་རྒྱས་ཐོག་ནས་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུ་དང༌། དེ་དོན་ལག་བསྟར་ཆེད་སྒྲིག་གཞི་ཟུར་གསལ་ཐོག་སྒྲིག་འཛུགས་བཀོད་སྒྲིག་གནང་རྒྱུ་བཅས་རེད་འདུག།
ཕྱི་ཚེས་༡༨ཉིན་བསྟན་པ་་རྒྱན་མཚན་ལགས་ཀྱིས་ཨིན་ཌོ་ནེ་ཤི་ཡར་རྟེན་གཞི་བྱས་པའི་འཛམ་གླིང་རི་དྭགས་སྲུང་སྐྱོབ་ཐེབས་རྩ་དང་རྒྱ་གྲམ་ལྗང་ཁུས་གོ་སྒྲིག་ཞུས་པའི་རྒྱལ་མཚམས་མེད་པའི་ཆུ་དང་གནམ་གཤིས་བདག་གཅེས་བྱ་ཕྱོགས་ཞེས་པའི་ལྷན་ཚོགས་ཀྱི་ཞོར་འཕྲོས་ཚོགས་འདུའི་ནང་དུ་མཉམ་ཞུགས་གནང་སྟེ་མཐོ་སྒང་བོད་ནས་རྒྱུག་བཞིན་པའི་ཨེ་ཤི་ཡའི་གཙང་པོ་ཆེ་ཁག་དྲུག་གི་གནས་སྟངས་སྐོར་དང་ རྒྱ་ནག་གཞུང་གིས་གཙང་པའི་གཤམ་འོག་ཏུ་གནས་པའི་མི་མང་ཐེར་འབུམ་མང་པོའི་་འཚོ་གནས་ལ་བསམ་གཞིགས་རྩ་བ་ནས་མ་བྱས་པར་གཙང་པོ་དེ་ཚོའི་ཐོག་ཆུ་མཛོད་རྒྱག་གང་ཐུབ་བྱེད་བཞིན་ཡོད་པའི་གནས་ལུགས་གསལ་བཤད་དང་འབྲེལ། ཁུངས་སྐྱེལ་ཡིག་ཆ་ཁག་ལུང་འདྲེན་གནང་བར་ཚོགས་བཅར་བ་ཚོས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་འདུག།
ཡང་བསྟན་པ་རྒྱན་མཚན་ལགས་ཀྱིས་ཕྱི་ཚེས་༡༩ཉིན་ལྷན་ཚོགས་ཤིག་ཐོག་མཐོ་སྒང་བོད་ཀྱི་གནམ་གཤིས་སྐོར་གཏམ་བཤད་གནང་ཡོད་པ་དང༌། ས་གནས་བརྙན་འཕྲིན་Band Television Network དང་TV Globoཐོག བོད་ཀྱི་འབྲོག་པ་དང་བོད་ཀྱི་ཆུ་ཆེན་ཁག་གི་སྐོར་བརྙན་དཔར་ཞིག་ཀྱང་བསྟན་གནང་ཡོད་པའི་གནས་ཚུལ་ཞིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་བཀོད་གནང་བཞག།