ཧྥ་རན་སིའི་ནང་གི་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་ལ་ཤིས་ཙྭང་ཞེས་བེད་སྤྱོད་བྱས་པར་བོད་དོན་ཆེད་མཁས་པས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་ཉེ་བའི་ཆར་བོད་དེ་བཞིན་དབྱིན་ཡིག་ནང་(Tibet)་ཅེས་ཡོངས་གྲགས་ཡིན་པ་ཤིས་ཙང་(Xi Zang)་ཞེས་པར་བསྒྱུར་ཐབས་ཆེད་ཕྱོགས་མང་པོ་ནས་ཐབས་ཤེས་བྱེད་ཀྱི་ཡོད་པའི་སྐབས་འདིར། ད་རེས་ཧྥ་རན་སིའི་ཚགས་པར་ལས་ཁུངས་(Le Monde)་གིས་གནས་ཚུལ་སྤེལ་བའི་ནང་། ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་རྟེན་གཞི་བྱས་པའི་བྷེ་རན་ལི་(Branly)་འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང་བོད་ཅེས་པའི་ཚབ་ཏུ་རྒྱ་སྐད་དུ་བསྒྱུར་བའི་ཤིས་ཙང་རང་སྐྱོང་ལྗོངས་(Xizang Autonomous Region)་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་བ་དང་། དེ་བཞིན་གྷུའི་མེ་ཊི་(Guimet)་འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World)་ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་རིག་པ་བ་དང་རྒྱ་ནག་གི་ཆེད་ལས་མཁས་པ་ཁག་ཅིག་གིས་འགྲེམས་སྟོན་ཁང་དེ་གཉིས་ལ་སྐྱོན་བརྗོད་དང་ངོས་ལེན་མེད་པའི་རྩོམ་ཡིག་སྤེལ་ཡོད་པ་བྷལ་ཛིལ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་རིག་པ་བ་དང་རྒྱ་ནག་གི་ཆེད་ལས་མཁས་པ་ཁག་ཅིག་གིས་མཉམ་འབྲེལ་ཐོག་སྤེལ་བའི་རྩོམ་ཡིག་ནང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་གིས་བོད་ཅེས་པའི་ཚབ་ཏུ་ཤིས་ཙང་རང་སྐྱོང་ལྗོངས་ཟེར་བ་དང་ཧི་མ་ལ་ཡའི་འཇིག་རྟེན་ཟེར་བ་སོགས་ཐ་སྙད་བེད་སྤྱོད་ཀྱིས་མིང་བསྒྱུར་བཅོས་བཏང་བ་དང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་ཏུ་ལོ་རྒྱུས་བསྐྱར་འབྲི་བྱེད་ཐབས་ཀྱི་རྒྱ་ནག་གི་ཤུགས་རྐྱེན་བསླེབས་ཡོད་པ་སོགས་ལ་སྐྱོན་བརྗོད་གནང་ཡོད་པ་མ་ཟད། འདི་ནི་སེམས་ཚབས་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ང་ཚོའི་ཚན་རིག་དང་རིག་གཞུང་གི་ཚོགས་སྡེ་ཁག་གིས་གནད་དོན་དེ་གལ་ཆེན་ཞིག་ཏུ་བརྩིས་ནས་མང་གཙོ་མིན་པའི་ཕྱིའི་རྒྱལ་ཁབ་ཀྱི་ཐེ་ཇུས་ལ་ངོས་ལེན་བྱེད་མི་རུང་བའི་ནན་སྐུལ་བྱས་ཡོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཀྱང་དེ་དང་འབྲེལ་ནས་ཧྥ་རན་སིའི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་སྐུལ་ཡི་གེ་ཕུལ་ཡོད་པ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུངས་བྱུང་།
གོང་ཞུས་གནས་ཚུལ་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཧྥ་རན་སིའི་འགྲེམས་སྟོན་ཁང་དེ་གཉིས་ལ་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་ཀྱང་ད་ལྟའི་ཆར་ལན་འདེབས་གང་ཡང་བྱུང་སོང་།
ཧྥ་རན་སིའི་ནང་འགྲེམས་སྟོན་ཁག་ཙམ་མིན་པར་ཧྥ་རན་སིའི་གཙུག་ལག་སློབ་ཆེན་ཁག་ཏུའང་། རྒྱ་ནག་གི་ཁུང་ཙིའི་སློབ་གསོ་ལྟེ་གནས་(Confucius)་ཚུད་པའི་རྒྱ་ནག་གི་དྲིལ་བསྒྲགས་བྱེད་སའི་གླེང་སྟེགས་ཇེ་མང་དུ་ཕྱིན་ཡོད་ཅིང་། ཧྥ་རན་སིའི་སློབ་ཆེན་ཁག་དང་སློབ་གསོའི་ལྟེ་གནས་ཁང་མང་པོར་རྒྱ་ནག་གིས་མཐུན་འགྱུར་བྱས་ཏེ་ཞི་ཅིན་ཕིན་གྱི་བསམ་བློ་དང་མཐུན་པའི་ལྟ་བ་ལངས་ཕྱོགས་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་༨ཚེས་༡༤ནས་༡༦བར་པེ་ཅིན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཐེངས་༧པའི་སྟེང་བོད་ཅེས་པ་དབྱིན་ཡིག་ནང་ཤིས་ཙང་ཟེར་བར་མིང་བསྒྱུར་བྱེད་ཐབས་ཤུགས་ཆེན་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཅེས་པ་དེ་བཞིན་ཤིས་ཙང་དུ་མིང་བསྒྱུར་བྱ་ཐབས་བྱེད་བཞིན་པའི་གནད་འགག་གཙོ་བོ་ནི་བོད་དེ་བཞིན་བོད་རང་སྐྱོང་ལྗོངས་ཁོ་ན་ཡིན་པ་སྟོན་ཐབས་ཆེད་ཡིན་པའི་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གསུངས་བྱུང་།
རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཤིས་ཙང་ཟེར་བའི་ཐ་སྙད་དེ་བཀོལ་སྤྱོད་ཁྱབ་ཆེན་བྱེད་བཞིན་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་བོད་མིང་བསྒྱུར་བཅོས་ཀྱི་མཚོན་པའི་སྐད་ཡིག་འགྱུར་འགྲོས་ཀྱི་སྲིད་ཇུས་དེ་ནི། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ལ་ངོས་འཛིན་བྱེད་ཕྱོགས་དང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གསལ་ཁ་འདོན་ཐབས་ཆེད་ཡིན་པ་དང་། དེ་སྔ་རྒྱ་ནག་གིས་སྲིད་ཇུས་དེ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་ཐོག་ཤར་ཏུར་ཀི་སི་ཐན་ལ་ཤིན་ཅང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་ཡོད་པའི་སྐོར་གསུངས་ཀྱི་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།