རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲིལ་བསྒྲགས་ལྟེ་གནས་ཁང་ཆེད་འཛུགས་བྱས་པ་ནི་རྒྱལ་སྤྱིའི་སྟེང་བོད་དོན་སྐོར་ཤུགས་ཆེར་དྲིལ་བསྒྲགས་འགྲོ་བཞིན་པ་དེར་ཁ་གཏད་གཅོག་ཆེད་དུ་ཡིན་པ། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག

2024.09.05
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲིལ་བསྒྲགས་ལྟེ་གནས་ཁང་ཆེད་འཛུགས་བྱས་པ་ནི་རྒྱལ་སྤྱིའི་སྟེང་བོད་དོན་སྐོར་ཤུགས་ཆེར་དྲིལ་བསྒྲགས་འགྲོ་བཞིན་པ་དེར་ཁ་གཏད་གཅོག་ཆེད་དུ་ཡིན་པ། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག རྒྱ་ནག་གིས་བོད་ནང་རྒྱལ་སྤྱིའི་དྲིལ་བསྒྲགས་ཁྱབ་སྤེལ་ལྟེ་གནས་བཙུགས་སྐབས།
རྒྱ་ནག་གཞུང་འབྲེལ་གསར་ལམ།

ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་ལྗོངས་རྒྱལ་སྤྱིའི་དྲིལ་བསྒྲགས་ལྟེ་གནས་ཞེས་པ་ཞིག་བཙུགས་ཡོད་པ་དེས་དྲིལ་བསྒྲགས་ཀྱི་ལས་དོན་བོད་རིགས་ཞིང་ཆེན་གཞན་ཁག་བཞི་དང་མཉམ་ལས་སྤེལ་རྒྱུ་དང་། རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཁང་ཟེར་བ་ཞིག་བཙུགས་པ་དེས། ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པའི་སྐར་ཁུང་ལྟར་ཡིན་པ་དེའི་བརྒྱུད་རྒྱལ་ཁྱབ་ཕྱི་ནང་གི་ཀློག་པ་པོ་མང་པོར་བོད་སྐོར་ལ་ཤེས་རྟོགས་དང་། རྒྱུས་ལོན། དགའ་ཞེན་བཅས་ཐུབ་པར་བྱས་པའི་བརྒྱུད་ནས་བོད་ཡུན་རིང་བདེ་བ་འཁོད་པ་དང་འཕེལ་རྒྱས་སྤུས་ཚད་མཐོ་པོ་ཡོད་པ་ཕྱི་ཕྱོགས་ཀྱིས་གླེང་ཕྱོགས་ཡོང་ཐུབ་པ་ཞིག་བཟོ་རྒྱུ་ཡིན་པ་ཡང་བཀོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཟླ་བ་ཚེ་རིང་ལགས་ནས། རྒྱལ་སྤྱིའི་སྟེང་བོད་དོན་སྐོར་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཚོགས་པ་འདྲ་མིན་དང་ཆེད་མཁས་པ་ཟེར་བ་སོགས་མཉམ་རུབ་བྱས་ཏེ། རྒྱལ་སྤྱིའི་སྟེང་བོད་ནང་གི་གནས་ཚུལ་ཡག་པོ་ཡོད་པ་དེར་ཁ་གཏད་གཅོག་ཐབས་ཀྱི་དྲིལ་བསྒྲགས་ཐབས་ལམ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། ཐེངས་འདིའི་ལྟེ་གནས་ཁང་དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་གི་དྲིལ་བསྒྲགས་ཁང་དང་རྒྱ་ནག་ཕྱི་སྐད་དཔེ་སྐྲུན་དང་འགྲེམས་སྤེལ་ཁང་ཟེར་བ་དེ་གཉིས་ཀྱིས། བོད་ནང་གི་ཐབས་བྱུས་མཉམ་ལས་ལ་ས་རྟགས་བཀོད་ནས། བོད་རིགས་གནས་སྡོད་ཞིང་ཆེན་གཞན་ཏེ། ཟི་ཁྲོན་དང་ཡུན་ནན། ཀན་སུའུ་དང་མཚོ་སྔོན་སོགས་ཀྱི་ཞིང་ཆེན་ཁག་ནང་གི་དྲིལ་བསྒྲགས་ཁང་ཁག་དང་། བོད་སྐོར་དང་འབྲེལ་བའི་གནས་ཚུལ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་སྐོར། བོད་ལྗོངས་ཉིན་རེའི་ཚགས་པར་བརྒྱུད་གནས་ཚུལ་བཀོད་འདུག་ལ། བོད་མི་དམངས་སྤྱི་འཐུས་དང་བོད་དོན་བསྟི་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ནས། རྒྱ་གཞུང་གིས་བོད་ནང་གི་གནས་ཚུལ་ལ་དྲིལ་བསྒྲགས་དེ་འདྲ་རྒྱ་ཆེན་པོ་གཏོང་རྒྱུའི་མཐའ་ཐུག་གི་དམིགས་ཡུལ་ནི། བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་ལོག་པར་བཏང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མེད་པའི་དངོས་ཡོད་གནས་ཚུལ་སོགས་སྦས་སྐུང་ཆེད་ཡིན་སྟབས། གནད་དོན་དེས་བོད་ནང་གི་བོད་མི་ཚོ་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོང་གི་ལས་དོན་མུ་མཐུད་སྤེལ་ཐབས་ཀྱི་ལམ་ཁ་འཚོལ་དགོས་པའི་ཁར། བཙན་བྱོལ་བོད་མི་ཚོས་རྒྱ་གཞུང་གིས་བོད་སྐོར་ཀྱི་དྲིལ་བསྒྲགས་ལོག་པར་གཏོང་བཞིན་པར་ཁ་གཏད་ཀྱི་ལས་འགུལ་ཐབས་བྱུས་ཁ་ཕྱོགས་གསར་པ་ཞིག་གོམ་སྤོ་འཚོལ་རྒྱུ་དང་། དེ་སྔོན་ལས་བོད་དོན་སྐོར་ཀྱི་ཁྱབ་བསྒྲགས་ཀྱི་ལས་འགན་ཆེ་རུ་ཕྱིན་པ་ཞིག་མཚོན་པ་མཐོང་གི་འདུག་ཅེས་གསུངས་སོང་།

སྤྱིར་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཞི་འཇགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཡོད་པའི་དྲིལ་བསྒྲགས་ཆེད། ཕྱི་རྒྱལ་གྱི་བརྙན་ཐུང་བཟོ་མཁན་སོགས་ཆེད་དུ་བོད་ནང་འབོད་འགུག་གིས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་ཐབས་བྱེད་བཞིན་ཡོད་པ་རེད་ལ། ཕྱི་ཟླ་བདུན་པའི་ནང་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་མི་ཡིན་པའི་བརྙན་བཟོ་མཁན་ཚོ་བེད་སྤྱོད་ཀྱིས་བོད་ནང་ཡག་པོ་ཡོད་པ་སྐོར་དྲིལ་བསྒྲགས་སྤེལ་ཐབས་བྱེད་བཞིན་པའི་གནས་ཚུལ་སྤེལ་ཡོད་པ་རེད་ལ། དེ་བཞིན་ཕྱི་ཟླ་༨་ནང་རྒྱ་ནག་གོ་ལའི་དུས་བབ་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཡུ་རོབ་ནང་རྒྱ་ནང་ཡོང་བར་མཐོང་ཆེན་མི་དགོས་པ་བཟོས་པ་དེས། ཕྱི་རྒྱལ་བ་ཚོས་རྒྱ་ནག་ནང་གི་དོན་དངོས་གནས་ཚུལ་ཤེས་རྟོགས་བྱེད་པར་ཡག་པོ་བྱུང་གི་ཡོད་པ། ཕྱི་རྒྱལ་གྱི་བརྙན་མཁན་ཁག་ཅིག་གིས་བོད་ནང་དང་ཡུ་གུར་ནང་ཡག་པོ་ཡོད་སྐོར་བརྗོད་སོགས་དཔེ་མཚོན་དུ་བཀོད་ནས་བྲིས་ཡོད་པ་རེད་ལ། ཡང་མཁས་དབང་Teng Biao ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་སྐོར་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་སོགས་ཀྱི་ཐབས་ལམ་འདྲ་མིན་བཀོལ་སྤྱོད་ཀྱིས། རྒྱ་གཞུང་གི་ལྟ་བའི་སློབ་གསོའི་ཁོ་ནར་བརྟེན་མཁན་མི་ཁག་ཅིག་ལ་གནས་སྐབས་ཡིད་དབང་འཕྲོག་པ་བྱེད་ཐུབ་ནའང་། གནས་ཚུལ་ཡོངས་ཁུངས་མང་པོར་གཞི་འཛིན་མཁན་དང་ཕྱོགས་ཡོངས་ཀྱི་གནས་ཚུལ་མཁྱེན་རྒྱ་བྱེད་མཁན་རིགས་རྒྱ་གཞུང་གི་མགོ་བསྐོར་འོག་ཚུད་ཐུབ་ཀྱི་མ་རེད་ཅེས་བརྗོད་སོང་།

གཞན་ཡང་རྒྱ་ནག་གཞུང་འབྲེལ་ངོས་ནས་གོང་ཞུས་རྒྱ་ནག་གི་བོད་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱེད་རྒྱུའི་ལས་དོན་དེའི་ནང་དུ། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཕྱི་ཕྱོགས་ཁྱབ་སྤེལ་ལྟེ་གནས་ཟེར་བ་ཞིག་ཀྱང་བཙུགས་ཡོད་པའི་ཁར། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཟེར་བ་དེས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། བོད་ལྗོངས་སྨྱན་སྤྱོར་ཚོགས་པ་ཟེར་བ་དང་མཉམ་དུ་བོད་ལྗོངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། ཀུན་འདུས་སྨྱན་སྤྱོར་ལས་སྟེགས་བོད་ལྗོངས་ཀུན་གསལ་ཟེར་བ་ཡང་དྲ་ཐོག་ཏུ་མི་རིང་བར་སྤྱོད་འགོ་ཚུགས་རྒྱུ་ཡིན་སྐོར་བཀོད་ཡོད་དང་། གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ (Kalpit Mankikar) ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་དྲིལ་བསྒྲགས་ཁྱབ་སྤེལ་ལྟེ་གནས་ཁང་བཙུགས་པ་དེ་ནི། ཨ་རིའི་གཞུང་གིས་ཉེ་ལམ་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བ་སོགས། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཁྲོད་དོ་སྣང་གསར་པ་ཞིག་སྐྲུན་བཞིན་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་སྟོན་བྱེད་བཞིན་ཡོད་པ་དེར་ཡ་ལན་ཆེད་ཡིན་ཞིང་། རྒྱ་ནག་གཞུང་གིས་ཨ་རིའི་བྱ་སྤྱོད་དེ་རིགས་ལ་སེམས་ཚབས་ཀྱིས་ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ནང་གི་ནང་པའི་དགོན་སྡེ་ཁག་ཏུ་བསྐྱོད་པའི་གནས་སྟངས་སོགས་བྱུང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཟེར་བ་དེས། རྒྱ་ནག་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། གསར་གཏོད་ཀྱི་བསམ་གཞིགས་དང་། སྣ་མང་གི་ཐབས་ལམ། ཕུན་སུམ་ཚོགས་པའི་ནང་དོན་བཅས་ལ་བརྟེན་ནས་བོད་འབྲེལ་རྒྱལ་སྤྱིའི་མ་ལག་བསྐྲུན་ཏེ། འཛམ་གླིང་ལ་ཇི་མ་ཇི་བཞིན་ཀྱི་བོད་ལྗོངས་མངོན་པ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག་ན་ཡང་། ཉམས་ཞིབ་པ་ཚོས་གནད་དོན་དེས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་སྦས་སྐུང་གིས། བོད་ནང་ཡག་པོ་ཡོད་པའི་གནས་ཚུལ་དྲིལ་བསྒྲགས་ཤུགས་ཆེར་གཏོང་རྒྱུ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཆོས་སྐྱིད། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎