རྒྱ་ནག་ཏུ་བཅའ་ཞུཌ་ཨ་རི་གཞུང་ཚབ་གསར་པར་རེ་སྐུལ།
2011.07.29
༄༅༎འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་པ་བཅུ་ཐོུང་གིས་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་གསར་དུ་བསྐོ་བཞག་གནང་བའི་སྐུ་ཞབས་གེ་རི་ལོཀ་མཆོག་ལ་བོད་ནང་གི་གནས་སྟངས་ཐོག་ལ་ཐུགས་འགན་བཞེས་སྐྱོང་ཡོང་བའི་རེ་འདུན་ཞུས་ཡོད་པ་རེད།
དེ་ཡང་སྐུ་ཞབས་གེ་རི་ལོཀ་མཆོག་ལ་ཕུལ་བའི་ཕྱག་བྲིས་ནང་དུ། ཁྱེད་ཉིད་རྒྱ་ནག་ཏུ་བཅའ་ཞུགས་་ཨ་རིའི་གཞུང་ཚབ་པར་བསྐོ་བཞག་བྱུང་བ་དེར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང༌། ཁྱེད་ཀྱི་རྒྱ་ནག་ཏུ་གཞུང་ཚབ་པའི་ཐུགས་འགན་བཞེས་པའི་རིང་ལ། ངེས་པར་དུ་བོད་མིའི་མངོན་འདོད་དང༌། རང་དབང་ཐོག་ལ་དུས་རྟག་ཏུ་ཐུགས་འགན་ཆེ་བཞེས་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན། ལྷག་པར་དུ་ཉེ་བའི་འཆར་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དམ་བསྒྲཌ་བྱས་ཏེ། གནས་སྟངས་ཛ་དྲག་ཡོད་པ་དང༌། དེ་བཞིན་མདོ་སྨད་སྐྱེ་རྒུ་མདོར་རང་འབྱུང་གི་གནོད་འཚེ་བྱུང་བའི་རྗེས། རྒྱ་ནག་གཞུང་ནས་རིག་གནས་དང་རྩ་ཆེའི་གནས་དེ། ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བྱེད་པ་དང༌། དེ་དང་ཕྱོགས་མཚུངས་༢༠༡༠ ལོར་རྒྱ་ནག་གཞུང་གིས། སློབ་གཞི་བཅོས་བསྒྱུར་གཏོང་རྒྱུའི་སྲིད་ཇུས་འོག་བོད་མིའི་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་ངན་ཇུས་ལ་བོད་མི་ཚོས་མི་འདོད་པའི་ཞི་བའི་ངོ་རྒོལ་བྱས་པའི་གནས་སྟངས་དེ་དག་ལུང་འདྲེན་གནང་སྟེ། སྐུ་ཞབས་གེ་རི་ལོཀ་མཆོག་ནས་བོད་ནང་གི་གནས་སྟངས་དེ་དག་ཐོག་དམིགས་བསལ་ཐུགས་ཞིབ་གནང་རྒྱུའི་རེ་འདུན་ཞུས་ཡོད་པ་རེད། དེ་བཞིན་ཕྱག་བྲིས་དེའི་ནང་དུ། ཨ་རིའི་གཞུང་གིས། བོད་ཀྱི་གནད་དོན་གལ་ཆེ་དོན་ཆེར་ངོས་འཛིན་གནང་སྟེ། ༢༠༠༢ ནས་བཟུང་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཞིག་བསྐོ་བཞག་གནང་བ་དང༌། དེ་སྔའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཀ་ལཀ་རེནདྲ་དང་སྐུ་ཞབས་ཧན་སི་མན་བཅས་ནས་པེ་ཅིང་དུ་གཞུང་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་བོད་མི་ཆབ་སྲིད་བཙོན་པ་ཁག་ཅིག་ཨ་རིར་རྩིས་སྤྲོད་བྱེད་ཐུབ་པ་དང༌། བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་དུ་བོད་ཀྱི་ས་ཁུལ་ཁག་ཅིག་ནང་ཆེད་ཕེབས་གནང་བ་། བོད་ཀྱི་འཐབ་རྩོད་འཚེ་མེད་ཞི་བ་དང༌། བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོགས་སེལ་ཐབས་དང༌། བོད་ཀྱི་ཆོས་དང་རིག་གཞུང༌། ཁོར་ཡུག་སྲུང་སྐྱོབ་ལ་ཨ་རིའི་ཕྱོགས་ནས་རྒྱབ་སྐྱོར་གནང་གི་ཡོད་ལ་ཨ་རིའི་སྲིད་ཇུས་ཤིག་ཀྱང་ཡིན་པའི་སྐོར་སོགས་བྲིས་གནང་ཡོད་པ་རེད།