རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དགུའི་གནས་སྟངས་ཁ་གསལ་བཟོ་དགོས་པའི་དགོས་འདུན་བཏོན་འདུག

2023.08.11
རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དགུའི་གནས་སྟངས་ཁ་གསལ་བཟོ་དགོས་པའི་དགོས་འདུན་བཏོན་འདུག རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་མདུན་དུ་བོད་ནང་གི་བུད་མེད་ཚོའི་གནས་སྟངས་གླེང་སྐབས། ༠༦།༢༢།༢༠༢༣
CTA

དེ་ཡང་འདི་ཚེས་༡༠གཟའ་ཕུར་བུ་ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་དམིགས་བསལ་རྟོགས་ཞིབ་སྡེ་ཚན་དང་། འདུ་འཛོམས་རང་དབང་གི་རྟོགས་ཞིབ་སྡེ་ཚན། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རྟོགས་ཞིབ་སྡེ་ཚན་བཅས་གསུམ་གྱིས་མཉམ་དུ། རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་༢༠༡༠ནས་༢༠༡༩བར་བོད་ནང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་མི་གྲངས་དགུ་འཛིན་བཟུང་བྱས་བའི་གནས་ཚུལ་རྩད་གཅོད་དང་འབྲེལ་ཁོང་ཚོའི་གནས་སྟངས་ཁ་གསལ་བཟོ་དགོས་བའི་དགོས་འདུན་བཏོན་འདུག་ལ། རྒྱལ་ཚོགས་ཀྱི་རྟོགས་ཞིབ་སྡེ་ཚན་དེ་གསུམ་གྱིས་ཨ་ཉ་སེང་སྒྲ་ལགས་དང་། རྡོ་རྗེ་འབྲུག་སྒྲ་ལགས། སྐལ་བཟང་མཆོག་གླིང་ལགས། དོན་རྒྱས་ལགས། རིན་ཆེན་རྣམ་གྲོལ་ལགས། ཚུལ་ཁྲིམས་མགོན་པོ་ལགས། བྱང་ཆུབ་དངོས་གྲུབ་ལགས། སོག་རུ་ཨ་བྷོ་ལགས། རྣམ་སྲས་ལགས་བཅས་མི་དགུ་ཡི་མིང་འདོན་བྱས་ནས། ཁོང་ཚོས་བོད་ནང་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་ཐེར་འདོན་དང་མཉམ་ཁོར་ཡུག་སྲུང་སྐྱོབ་དང་། རི་དྭགས་སེམས་ཅན་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སྟབས་འཛིན་བཟུང་བྱས་ཡོད་པ་གསལ་སྟོན་བྱས་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་དགའ་བསུ་གནང་བ་དང་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་དེ་དག་ལ་ཐུགས་རྗེ་ཆེ་ཞུ་ཞོར། རྒྱ་ནག་གཞུང་ལ་བོད་མི་རིགས་ངོ་བོ་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ལ་བརྟེན་ནས་འཛིན་བཟུང་བྱས་བའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་གནང་འདུག

Kai Müller.JPG
གཞན་ཇར་མཎ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Müller)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱལ་ཚོགས་ཀྱི་རྟོགས་ཞིབ་ཚན་པས་རྒྱ་ནག་ལ་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་ཚོ་དང་འབྲེལ་འདྲི་རྩད་བྱས་བར་ཁོང་གིས་དགའ་བསུ་དང་འབྲེལ། མུ་མཐུད་དུ་རྒྱ་གཞུང་ལ་དོན་དངོས་ཐོག་བོད་ཀྱི་ཁོར་ཡུག་གཏོར་བརླག་གཏོང་བཞིན་ཡོད་པའི་གནས་སྟངས་སོགས་ཕྱི་གསལ་ནང་གསལ་བཟོ་རུ་འཇུག་དགོས་བ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཚོར་ཉེས་ཆད་འགེལ་རྒྱུ་མཚམས་འཇོག་དགོས། ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་དཔོན་རོགས་ཚོ་དང་མཉམ་གནད་དོན་དེ་དག་ཐད་མུ་མཐུད་དུ་གླེང་དགོས་ལ། ལོ་རྗེས་མར་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་བྱེད་སྐབས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་བོད་མི་དགུ་པོ་དེ་དག་གི་གནད་དོན་གླེང་ནས་བཙོན་གྲོལ་ཡོང་ཐབས་དགོས་བའི་འབོད་སྐུལ་གནང་སོང་།

Mary Lawlor.JPG
ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཀྱི་དམིགས་བསལ་སྲུང་སྐྱོབ་པ་ལྕམ་(Mary Lawlor)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གི་ངོས་ནས་ད་ཐེངས་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོགས་ཞིབ་ཚན་པ་ཁག་གི་འདྲི་རྩད་དང་རེ་སྐུལ་ལ་ལན་འདེབས་གསལ་བོ་བྱེད་པའི་རེ་བ་ཡོད། ཁོང་ཚོར་གནས་ཚུལ་རེ་རེ་བཞིན་གསལ་བོ་བྱས་ནས་ལན་འདེབས་བྱེད་པར་དུས་ཡུན་ཉིན་གྲངས་༦༠སྤྲད་ཡོད། བོད་མི་དགུའི་གྲས་ནས་མི་གྲངས་དྲུག་ལ་ཁྲིམས་ཐག་གང་བཅད་ཡོད་པ་སོགས་ཀྱི་གནས་སྟངས་གསལ་བོ་མེད་ལ། གཞན་ཚོར་ནང་མིར་ཐུག་འཕྲད་ཆོག་མིན་དང་། ཁྲིམས་རྩོད་པ་གླས་ཆོག་མིན་སོགས་ཀྱི་གནས་སྟངས་གསལ་བོ་མི་འདུག དེ་བས་དང་ཐོག་ང་ཚོ་ལ་ཁོང་ཚོར་ཁྲིམས་ཐག་གཅོད་དོན་དང་ད་ལྟའི་གནས་སྟངས་སོགས་རྒྱ་ནག་གི་ཕྱོགས་ནས་གསལ་བོ་བཟོ་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོགས་ཞིབ་ཚན་པ་དེ་དག་གིས། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་བོད་མི་ཚོའི་གནས་ཚུལ་ཆེད་མངགས་ཁ་གསལ་མེད་པ་བཟོ་བ་ནི། འཛམ་གླིང་མི་མང་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བའི་གནས་ཚུལ་རྣམས་ཤེས་རྟོགས་མེད་པ་བཟོ་ཐབས་བྱས་བ་ཞིག་ཡིན་པ་དང་། ཁོང་ཚོའི་འཚོ་གནས་ཀྱི་གནས་བབས་སྐོར་ཡང་ཁོང་ཚོའི་ནང་མི་རྣམས་ལ་ཤེས་རྟོགས་མེད་པ་བཟོས་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག
དེ་སྔ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ཁག་གི་ནང་། ཨ་ཉག་སེང་སྒྲ་ལགས་ཀྱིས་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་དང་། ས་གནས་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་ཐེར་འདོན་གནང་བར་བརྟེན་༢༠༡༨་ལོར་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་གིས་ལོ་གཅིག་དང་ཟླ་བ་གཉིས་ཙམ་རིང་བཀག་ཉར་བྱས་པའི་རྗེས་སུ། ༢༠༡༩་ལོའི་ཟླ་༡༢་ཚེས་༦་ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་དུ་ཉིན་༢་རིང་ཁྲིམས་རྭ་ཚོགས་ཁུལ་གྱིས་ཁོང་དང་ཁོང་གི་རོགས་པ་གཞན་བོད་མི་༨་ལ་ཁྲིམས་ཐག་བཅད་ཡོད་པའི་ཁོངས་ནས། ཨ་ཉ་སེང་སྒྲ་ལགས་ཀྱིས་སྙད་འཚོལ་འཁྲུག་སློང་དང་མི་མང་བསྡུ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་ཉེས་མིང་འོག་ལོ་བདུན་གྱི་ཁྲིམས་ཆད་བཅད་ཁྲ་བཏང་ཡོད་པ་དང་། དེར་ཁོང་གིས་ངོས་ལེན་མ་བྱས་བར་རྗེས་སུ་ཡང་ཡང་ཐེངས་ཁ་སས་ཞུ་གཏུགས་བྱེད་ཐབས་བྱས་ཀྱང་གྲུབ་འབྲས་བྱུང་མེད་པ་རེད། ཁོང་གི་རོགས་པ་མི་གཞན་དེ་ཚོའི་མིང་སོགས་གནས་སྟངས་ཁ་གསལ་བྱུང་མེད།
ཨ་ཉ་སེང་སྒྲ་ལགས་ནི་མདོ་སྨད་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ནས་ཡིན་པ་རེད།


གསར་འགོད་པ། ལྷུན་གྲུབ་ཚེ་རིང་། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎