བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ སྟེང་༸གོང་ས་མཆོག་གིས་བཙན་བྱོལ་དུ་ཕེབས་པའི་ལོ་རྒྱུས་ཕྱིར་དྲན་མཛད་པ་དང་འབྲེལ། དེ་ཉིན་འཛམ་གླིང་ཡུལ་གྲུ་གང་སར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ།
ལོ་ལྟར་ཟླ་གསུམ་པའི་ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་འཛམ་གླིང་ཡུལ་ལུང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལས་འགུལ་འདྲ་མིན་སྤེལ་ནས་སྲུང་བརྩི་ཞུ་སྲོལ་ཡོད་པ་ད་ལོ་ཐེ་ཝན་དང་། ཨའོསི་ཊརེ་ལི་ཡ། རྒྱ་གར། ཨ་རི། ཡོ་རོབ་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་བཞིན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག
བཞུགས་སྒར་རྡ་རམ་ས་ལ།
དེ་རིང་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་དབུ་མ་འཛུགས་གོང་དུ་གཞུང་འབྲེལ་སྐུ་མགྲོན་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་བ་དང་སྦྲགས། མགོན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བོད་ནས་བཙན་བྱོལ་དུ་ཕེབས་པའི་ལོ་རྒྱུས་ཕྱིར་དྲན་གནང་འདུག དེ་ཡང་མགོན་པོ་མཆོག་གིས། གསུམ་བཅུའི་དུས་དྲན་སྐབས་བོད་མི་རྣམས་ནས་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་ནག་གཞུང་ལ་སྐད་འབོད་བྱས་ཡོད་པ་དང་། ངོས་ལ་ཡང་གནས་སྟངས་ཁག་པོ་བྱུང་ཡང་ཐབས་ཤེས་གཞན་གང་ཡང་མེད་དུས། ནོར་བུ་གླིང་ཁ་ནས་ཐོན་དགོས་བྱུང་བས་སེམས་པ་སྐྱོ་པོ་བྱུང་། ངོས་རང་ལྷ་སའི་གཙང་པོ་བརྒལ་ནས་ཆུ་ཕ་ཁར་འབྱོར་སྐབས། ངའི་རྟ་ཁྲིད་མཁན་གྱི་གྲོང་གསེབ་པ་དེས་ངོས་ལ། ལྷ་ས་དེ་ནས་མ་གཏོགས་གཟིགས་ཀྱི་མ་རེད། ལྷ་ས་གཅིག་གཟིགས་ན་ཞེས་བཤད་བྱུང་། དེ་རྗེས་ངོས་ཀྱི་རྟ་ཡང་ཁ་ཕྱོགས་བསྒྱུར་ཏེ་ཕྱིན་སོང་ཡང་། གཙང་པོ་བརྒལ་ཏེ་ལའི་སྒང་ནས་ལྟ་སྐབས། རྒྱ་མིའི་བཙན་དབང་ནས་ཐར་སོང་བསམ་པའི་དགའ་ཚོར་བྱུང་། རྒྱ་མི་གུང་ཁྲན་གྱི་བོད་ནག་གསུབ་གཏང་རྒྱུའི་རེ་བ་བྱས་ཀྱང་དེ་ལྟར་གྲུབ་འབྲས་གང་ཡང་སོན་མེད་ཅེས། བཀའ་སྩལ་མཛད་འདུག
དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཞུང་འབྲེལ་སྐུ་མགྲོན་སོ་ལི་ཝི་ཀའི་སྲིད་འཛིན་ཟུར་པ་མཚོན་པའི་ཨི་སི་ཀྲོ་ནི་ཡའི་གྲོས་ཚོགས་འཐུས་མི། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་ཚོགས་གཙོ་ཐེ་བའི་གཞུང་འབྲེལ་མཛད་གཙོ་རྣམ་པ་དང་། ས་གནས་མི་མང་འདུ་འཛོམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་དང་། གཞུང་འབྲེལ་སྐུ་མགྲོན་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་གྲོལ་མཚམས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག བོད་མི་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་ཀྱིས་བཞུགས་སྒར་མེག་གྷན་ནས་ཀ་ཅ་རི་བར་དུ་རྔོམ་སྟོན་ཁྲོམ་སྐོར་གནང་སོང་།

ཐེ་ཝན།
དེ་མཚུངས་ཐེ་ཝན་ནང་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་བའི་ཐོག་མར་ལས་འགུལ་བ་རྣམས་མེ་འཁོར་བབ་ཚུགས་སུ་འཛོམས་ནས་སྐུ་མགྲོན་རྣམ་པས་གསུང་བཤད་གནང་འདུག་ཅིང་། སྐབས་དེར་ཐེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(Taiwan's National Human Rights Commission)མཉམ་ཞུགས་་ཐེངས་དང་པོ་གནང་འདུག་ལ། ལྷན་ཚོགས་ཀྱི་ཚོགས་གཞོན་ཝང་ཡུ་ལིང་ལགས་ཀྱིས་གསུང་བཤད་གནང་བའི་ནང་། བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༥༠ རྗེས་ནས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་ནི་མི་རིགས་རྩ་མེད་གཏང་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་ས་མཚམས་མེད་པས་དེ་རིང་བོད་ནང་གང་བྱུང་བ་དེ་ཕྱིས་སུ་ཐའི་ཝན་ནང་དུའང་འོང་སྲིད་པ་རེད་ཅེས་སོགས་གསུངས་འདུག དེ་ནས་རིམ་པས་ལས་འགུལ་བ་རྣམས་ཐེ་ཝན་གྱི་ཁྲོམ་གཞུང་གལ་ཆེ་བ་ཚང་མར་བརྒྱུད་དེ་མཐའ་མར་རྒྱ་ནག་དངུལ་ཁང་ཆེ་བ་ཞིག་ཡོད་པ་དེ་རྒྱ་ནག་གི་ལས་ཁུངས་མཚོན་གྱི་ཡོད་པས། དེའི་མདུན་དུ་འཛོམས་ནས་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་དགུང་ལོ་དྲུག་ཐོག་གར་སོང་ཆ་མེད་དུ་བཏང་བའི་གནས་ཚུལ་དང་འབྲེལ་བའི་འཁྲབ་སྟོན་ཞིག་གནང་འདུག
ཨའོསི་ཊརེ་ལི་ཡ།
གཞན་ཨའོསི་ཊརེ་ལི་ཡའི་རྒྱལ་ས་ཁེན་བྷེ་ར་རུ་ས་གནས་བོད་མི་རྣམས་ནས་ས་གནས་ཀྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་མངའ་སྡེའི་གྲོས་ཚོགས་མདུན་ནས་འགོ་འཛུགས་ཀྱིས་ཨོ་གླིང་རྒྱལ་ཡོངས་གྲོས་ཚོགས་བར་བོད་ལ་རང་དབང་དགོས། བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ལ་རྒྱབ་སྐྱོར་དགོས་པའི་འབོད་ཚིག་འདོན་བཞིན་ཆུ་ཚོད་གསུམ་ལྷག་རིང་ཞི་རྒོལ་གོམ་བགྲོད་གནང་འདུག དེ་མཚུངས་ཨོ་གླིང་བོད་མི་གནས་སྡོད་ས་གནས་སིཊ་ནི་དང་། ཁེན་བྷེ་ར་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག
ལྡི་ལི།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ན་གཞོན་ཕོ་མོ་གྲངས་ ༤༠ ལྷག་གིས་རྒྱ་གརགྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གར་ཉེན་རྟོག་པས་བོད་མི་ལས་འགུལ་བ་ཚོ་རིམ་པས་འཛིན་བཟུང་བྱས་ཡོད་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་ན། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་རྣམས་ཀྱིས་ཆོག་མཆན་མེད་པར་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་འཛིན་བཟུང་བྱས་པ་ཙམ་ལས། དམིགས་བསལ་ཉེས་འཛུགས་སོགས་བྱས་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་བྱང་ཤར་གོ་ཝ་ཧ་ཊི།
ཕྱོགས་མཚུངས་རྒྱ་གར་བྱང་ཤར་གོ་ཝ་ཧ་ཊིར་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་ ༡༡ ཙམ་གྱི་བོད་མི་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ལས་འགུལ་བ་ ༥༨ ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག་ནའང་། ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་གློད་བཀྲོལ་བཏང་འདུག དེ་ལྟར་རྒྱ་གར་ལྷོ་ཕྱོགས་བོད་མི་རྣམས་མཻ་སོར་དུ་འཛོམས་ཏེ་ངོ་རྒོལ་སྐད་འབོད་གནང་འདུག
ལ་དྭགས།
ལ་དྭགས་གླེ་དང་བྱང་ཐང་ཁུལ་དུའང་བོད་མི་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩིའི་རྒྱལ་དར་སྒྲེང་འཛུགས་དང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག
ཡོ་རོབ།
ཡོ་རོབ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནེ་དར་ལེནྚ་གྱི་གྲོང་ཁྱེར་ཧེ་གེ་(Hague)རུ་འདུ་འཛོམས་ཀྱིས་ཡོ་རོབ་བོད་དང་མཉམ་དུ་ལོངས་ཤོག་ཅེས་པའི་འབོད་ཚིག་འོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་གཞི་རྒྱ་ཆེན་པོའི་ངང་སྲུང་བརྩི་ཞུས་འདུག སྐབས་དེར་ནེ་དར་ལེནྚ་གྱི་གྲོས་ཚོགས་འཐུས་མི་ཇན་པི་ཊར་ནོ་ཊེ་(Jan Paternotte)ལགས་སོགས་ལྷན་ཞུགས་ཀྱི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་ཆུ་ཚོད་ ༡༢:༤༥ ཐོག་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཞིང་། ཆུ་ཚོད་ ༡ ཐོག་བོད་དོན་རྒྱབ་སྐྱོར་བ་རི་ཅཊ་གྷེར་(Richard Gere)ལགས་ནས་ཡུ་རོབ་བོད་ཀྱི་རྒྱབ་ཏུ་ལོངས་ཤོག་ཅེས་པའི་འབོད་ཚིག་དང་འབྲེལ་ཏེ་གསུང་བཤད་གནང་འདུག
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་དུ་ཚེས་ ༡༠ ཉིན་རྒྱལ་སའི་མངའ་ཁུལ་དང་ཉེ་འཁོར་ཀྱི་མངའ་སྡེ་དང་ས་གནས་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོབ་བ་ཚོ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པར་ཨ་རིའི་རྒྱལ་སར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བ་དང་། དེ་ནས་བོད་ལ་རང་དབང་དགོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟེན་པར་ཤོག་ལ་སོགས་པའི་བོད་དོན་འབོད་ཚིག་འདྲ་མིན་གྱི་སྐད་འབོད་བྱེད་བཞིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་བོ་བར་གོམ་བགྲོད་དང་རྔམ་སྟོན་སྐད་འབོད་བྱས་ཡོད་པ་རེད།
ཁེ་ཎ་ཌ།
ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་གནང་ཡོད་པ་དང་། སྤྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་གི་ཨོན་ཏྲེ་རི་ཏོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བུད་མེད་ལྷན་ཚོགས། ས་གནས་གཞོན་ནུ་ལྷན་ཚོགས། ཁེ་ཎ་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག་ཚོགས་པ་བཅས་ལྔ་ནས་མཉམ་རུབ་ཀྱི་གོ་སྒྲིག་འོག་ (Masaryk Park) མདུན་ནས་རྒྱ་ནག་གཞུང་གི་གཞུང་ཚབ་ཡན་ལག་ལས་ཁུངས་བར་དུ་ཞི་བའི་གོམ་བགྲོད་དང་། རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་ནས་བོད་པའི་ཆོས་དང་རིག་གཞུང་། མི་རིགས། སྐད་ཡིག་བཅས་རྩ་གཏོར་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་རྒྱ་ནག་གི་སྲིད་བྱུས་ལ་ས་གནས་བོད་རིགས་མི་བརྒྱ་ཕྲག་ཁ་ཤས་ལྷན་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
ཨ་རིའི་ནིའུ་ཡོག
ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་གཙོ་བོར་གྱུར་པའི་ས་གནས་ཀྱི་ཚོགས་པ་ཁག་བརྒྱད་ཐུན་མོང་གི་སྒོ་ནས་གོ་སྒྲིག་བྱས་ཏེ། ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་བརྒྱ་ཕྲག་འགའ་ཤས་འཛོམས་ཏེ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་དེ་སྲུང་བརྩི་བྱས་གནང་སོང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་དུ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཕེབས་ཡོད་པ་ལྟར། ཁོང་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་རྒྱང་གནང་རྗེས། དུས་དྲན་དང་འབྲེལ་བའི་གསུངས་བཤད་གནང་བའི་ནང་། ཉེ་བའི་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་ལྟའི་བོད་ཀྱི་འཚེ་བ་མེད་པའི་འཐབ་རྩོད་དེ་ཨ་རིའི་སྲིད་ཇུས་དང་ཁེ་ཕན་དང་མཐུན་གྱི་ཡོད་པའི་སྐོར་འཁོད་པ་དེ་ང་ཚོས་རྩ་ཆེན་པོ་བརྩི་དགོས་པ་དང་། མུ་མཐུད་ནས་རང་དབང་འཐབ་རྩོད་ཐོག་ཤུགས་བསྣོན་རྒྱག་དགོས་པའི་སྐོར་དང་། དེ་བཞིན་ཨ་རིའི་རོགས་དངུལ་དང་རྒྱབ་སྐྱོར་མུ་མཐུད་ནས་རག་ཐུབ་པའི་ཐོག་ཤུགས་རྒྱག་གི་ཡོད་པའི་བཅས་གཏམ་བཤད་གནང་སོང་།
མཛད་སྒོའི་ཐོག་ནིའུ་ཡོག་གྲོང་སྡེ་ ༢༦ པའི་འཐུས་མི་ཇུའུ་ལི་ཝོན་ (Julie Won) ལགས་ཀྱང་མཉམ་བཞུགས་གནང་ནས་བོད་མིའི་རང་དབང་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གཏམ་བཤད་གནང་སོང་ལ། གཞན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དང་། ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས། བོད་ཁང་གི་འགན་འཛིན་དགའ་ལྡན་ཐར་མིན་སོགས་ཀྱིས་བོད་དོན་གཏམ་བཤད་གནང་སོང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་དོན་གཏམ་བཤད་ལས་རིམ་སོགས་ཚར་རྗེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་དུ་སྐད་འབོད་དང་བཅས་གོམ་བགྲོད་བྱས་ཏེ་ས་གནས་སུ་ངོ་རྒོལ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་རེད།
དབྱིན་ཡུལ།
དབྱིན་ཡུལ་དུ་གསུམ་བཅུའི་དུས་དྲན་ཉིན་དབྱིན་ཇིའི་ (Royal Borough) ་རང་སྐྱོང་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་གཞོན་པ་ (Linda Bird) ལགས་ཆེད་ཕེབས་ཀྱིས་ས་ཁུལ་དེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་འདུག་ལ། རང་སྐྱོང་གི་གྲོང་ཁྱེར་དེས་ངོས་ནས་བོད་ཀྱི་རང་དབང་དང་བདེན་པ། འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པའི་སྐོར་བཀོད་ཡོད་འདུག་ལ། གྲོང་ཁྱེར་དེའི་ངོས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་བཅས། ལོ་འདིའིི་སྤྱི་ཟླ་༠༧པའི་ནང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་དགའ་སྟོན་གྱི་མཛད་སྒོ་ཡང་འཚོག་འཆར་ཡོད་འདུག
དུས་དྲན་དེ་དང་བསྟུན་ནས་གྲོང་ཁྱེར་དེའི་གནད་ཡོད་མི་སྣ་དང་དབྱིན་ཇིའི་བོད་ཀྱི་དོན་གཅོད་གཙོས་བོད་མི་རྣམས་མཉམ་འཛོམས་ཀྱིས་འཛམ་གླིང་ཞི་བདེ་ལ་སྨོན་ལམ་དང་བོད་ཀྱི་རྒྱལ་དར་སྒྲེང་ནས་དུས་དྲན་སྲུང་རྩི་བྱས་ཤིང་། (Greenwich) ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། གྲོང་ཁྱེར་ལས་ཁང་དང་འབྲེལ་ཡོད་མི་སྣ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག
ནིའུ་མེག་སི་ཀོ ཨ་རི། (New mexico)
ཨ་རིའི་མེག་སི་ཀོ་གསར་པ་ (new mexico) ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་གོམ་བགྲོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་ཀྱི་ལམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་གནང་འདུག
རྒྱ་གར་ལྷོ་ཕྱོགས།
གསར་འགོད་པ། ས་གནས་གསར་འགོད་པ་རྣམས་ཀྱི་གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། ཀླུ་འབུམ།