རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་བོད་མི་ན་གཞོན་དཔལ་མགོན་ལགས་འཛིན་བཟུང་བྱས་ཡོད་འདུག

2023.01.25
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་བོད་མི་ན་གཞོན་དཔལ་མགོན་ལགས་འཛིན་བཟུང་བྱས་ཡོད་འདུག པདྨ་རྫོང་གི་ས་ཁྲའི་པར་རིས།
Google map

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པ། བོད་མི་ན་གཞོན་དཔལ་མགོན་ལགས་ནས། ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་གཡོགས་ཏེ་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༨ནང་རང་ཁྱིམ་ནས་འཛིན་བཟུང་གིས། ད་ལྟའི་ཆར་ཟླ་བ་༥ལྷག་འགྲོ་བཞིན་ཡོད་ཀྱང་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་ཆགས་ཡོད་། བོད་ནང་གི་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང༌།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། དཔལ་མགོན་ལགས་ནས་ཕྱི་ཕྱོགས་སུ་༧གོང་ས་མཆོག་ལ་བསྔོ་སྨོན་ཕུལ་ཡོད་པའི་དོགས་གཞི་ཙམ་ལས། འབྲེལ་བ་བྱས་ཏེ་ལས་དོན་ག་རེ་གཉེར་ཡོད་མེད་གསལ་ཁ་མེད་པ་དང་། ཁོང་གི་ནང་མིར་ཞིབ་ཕྲའི་གནས་ཚུལ་སོགས་གསལ་བཤད་གང་ཡང་བྱས་མེད་པ་འགྲེལ་བརྗོད་གནང་བྱུང་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་པདྨ་རྫོང་སྤྱི་བདེ་ཉེན་རྟོག་ཁང་དང་། མགོ་ལོག་ཁུལ་སྤྱི་བདེ་ཉེན་རྟོག་ཁང་སོགས་སུ་ཁ་པར་བཏང་སྟེ་འབྲེལ་བ་བྱས་ཀྱང་། ཤེས་རྟོགས་མེད་སྐོར་བརྗོད་ནས་ལན་འདེབས་གང་ཡང་བྱས་མ་སོང་།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༤ནང་རྔ་བ་ཀིརྟིའི་དགོན་གྱི་དགེ་འདུན་པ་རྭ་ཆུང་དགེ་འདུན་ལགས་དང་། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་གཉིས་ནས་༧གོང་ས་མཆོག་ལ་བསྔོ་སྨོན་ཕུལ་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཉིས་ནས་གསུམ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་གང་བྱུང་འཛིན་བཟུང་བྱེད་བཞིན་པ་དེ་གཙོ་བོ། རྒྱ་ནག་གཞུང་གིས་བོད་ནང་སྐད་ཡིག་དང་རིག་གཞུང་རྩ་གཏོར་གཙོས་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་པ། རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་མི་འགྲོ་ཆེད་བཀག་འགོག་དང་འཛིན་བཟུང་བྱེད་བཞིན་ཡོད་པ་བརྗོད་བྱུང་།

དཔལ་མགོན་ལགས་ནི་འདི་ལོ་ལོ་ན་༣༠ཙམ་ཡིན་པ་དང་། ཁོང་གིས་དེ་སྔ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གཉེར་བྱས་ཡོད་པ་དང༌། ཕྱི་ལོ་༢༠༢༡ལོ་ནས་མགོ་ལོག་པདྨ་རྫོང་གི་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ཀྱང་། རྗེས་སུ་དགེ་རྒན་ནས་དགོངས་པ་ཞུས་ཏེ་རང་ངོས་ནས་དཔེ་ཀློག་དང་རྩོམ་འབྲི་རིགས་བྱས་ནས་བསྡད་ཡོད་འདུག  

ཡང་འབྲེལ་ཡོད་བོད་མི་གཞན་དེས་དཔལ་མགོན་ལགས་ནི་ནམ་རྒྱུན་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་སོགས་སུ་རྩོམ་རིག་འབྲི་མཁན་ཞིག་ཡིན་པ་བརྗོད་བྱུང་པ་བཞིན། འབྲེལ་ཡོད་བརྒྱུད་ཁོང་གི་རྩོམ་ཡིག་བྲིས་པ་ཁག་རྩད་འཚོལ་བྱས་ཀྱང་སྐད་འཕྲིན་རྒྱབ་ལྗོངས་བཀག་འགོག་གིས་རྩོམ་ཡིག་ཁག་རྙེད་སོན་མ་བྱུང་ལ། སི་པན་དུ་གནས་སྡོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་བརྗོད་ནས་འཛིན་བཟུང་བྱེད་བཞིན་པའི་གནད་དོན་གཙོ་བོ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་འབྲེལ་བ་གཅོད་ཐབས་དང་། ༧གོང་ས་མཆོག་དབུས་པའི་བླ་ཆེན་ཁག་གི་མཛད་འཕྲིན་བོད་ནང་མི་ཁྱབ་ཆེད་ཡིན་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་བོད་ནང་གི་བོད་མི་ཚོ་འཛིན་བཟུང་དང་བཀག་སྐྱིལ་རིགས་བྱེད་བཞིན་པ་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག  
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།  ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་(Oxford Union)་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎