འབྲི་རུ་རྫོང་ཁོངས་ཀྱི་བོད་མི་རྣམ་དག་ལགས་སུ་མི་ལོ་༡༣གྱི་དུས་བཀག་ཁྲིམས་ཐག་བཅད་འདུག
འབྲི་རུ་རྫོང་གི་བོད་མི་ཞིག་གིས་རྒྱ་གར་དུ་འགྲོ་མཁན་བོད་མིར་རོགས་རམ་བྱས་བའི་ཉེས་མིང་འོག་མི་ལོ་༡༣གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་གནས་ཚུལ་འདི་ནི་སྤྱི་ལོ་༢༠༡༣ལོའི་ནང་བྱུང་བའི་གནས་ཚུལ་ཞིག་ཡིན་པ་དང་། བཙན་བྱོལ་ནང་གི་བོད་མི་མིང་འབོད་གནང་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན། ཕྱི་ལོ་༢༠༡༣ལོའི་ཟླ་༧པ་ཡས་མས་ཙམ་ལ། རྒྱ་ནག་གི་ཉེན་རྟོག་པས་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཙ་ལ་ཡུལ་ཚོའི་མེ་རི་གྲོང་ཚོ་ནས་ཡིན་པ་བོད་མི་རང་ལོ་༣༤ཙམ་སོན་པ་རྣམ་དག་ལགས་ཀྱིས། རྒྱ་གར་དུ་འགྲོ་མཁན་བོད་མི་ཚོར་རོགས་པ་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་༡༣གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་གསུང་ན། འདས་པའི་ལོ་གཉིས་ཙམ་གི་གོང་ནས། རྒྱ་ནག་གཞུང་གིས་རྣམ་དག་ལགས་སུ་རྒྱུ་ལྷག་གི་ནད་གཞི་ཡོད་པ་བརྗོད་དེ། ནང་མི་ཚོ་ཁོང་དང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། ཕྱི་ལོ་༢༠༡༣ལོར་རྣམ་དག་ལགས་འཛིན་བཟུང་སྐབས་སུ། ཉེན་རྟོག་པས་འབྲི་རུ་རྫོང་གི་བོད་མི་དྲུག་བདུན་ཙམ་ཞིག་འཛིན་བཟུང་བཙོན་འཇུག་གིས་ཁོང་རྣམ་པར་ཡང་ལོ་༡༣གྱི་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག་ལ་ཁོང་ཚོར་ཉེས་མིང་གང་བཙུགས་ཡོད་མིན་དང་ཁོང་ཚོ་སུ་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་ངོ་སྤྲོད་གནང་ཡོད།
ཕྱོགས་མཚུངས་ཕྱི་ལོ་༢༠༡༣ཙམ་ལ། རྒྱ་གར་དུ་ཕྱིན་ནས་ཕྱིར་ལོག་བྱས་པའི་འབྲི་རུ་རྩྭ་ལ་ཡུལ་ཚོའི་ཡུལ་མི་༣༠ཙམ་ཞིག རྒྱ་ནག་གི་ཉེན་རྟོག་པས་ལྷ་སར་ནས་འཛིན་བཟུང་བྱས་ཏེ་ལོ་གཉིས་རེ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། བཙོན་འཇུག་བྱས་རིང་སྡུག་སྦྱོང་མནར་གཅོད་འོག་ནད་གཞི་འདྲ་མིན་ཕོག་པ་དང་། བཙོན་གྲོལ་ཐོབ་པའི་རྗེས་སུ་ལོ་གསུམ་གྱི་རིང་དབྱར་རྩ་དགུན་འབུ་རྐོ་བའི་ཐོབ་ཐང་འཕྲོག་པ་དང་། ཕྱི་ནང་འགྲོ་བསྐྱོད་བྱ་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་ངོ་སྤྲོད་བྱས་འདུག
གཞན་རྒྱ་ནག་གཞུང་གིས་འབྲི་རུ་ཕྱོགས་ཀྱི་བོད་མི་རྒྱ་གར་ནང་ཡོད་མཁན་ཚོའི་ནང་མི་རྣམས་འབོད་འགུག་གིས་བསམ་བློའི་སློབ་གསོའི་ལས་འགུལ་སྤེལ་བ་དང་། རྒྱ་གར་དུ་དངུལ་བཏང་པའི་ཉེས་མིང་འོག་བོད་མི་ཁག་གཅིག་འཛིན་བཟུང་བཙན་འཇུག་བྱས་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་འབྲི་རུ་རྫོང་དང་། སོག་རྫོང་སོགས་ཀྱི་ནང་དམིགས་བསལ་དམ་དྲག་དྲག་གནོན་གྱིས། བོད་མི་ཕྱི་ནང་གཉིས་ཀྱི་བར་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཁག་བཀག་སྟེ་ཕྱི་ནང་གི་གནས་ཚུལ་རྒྱུས་ལོན་བྱ་རྒྱུར་ཁག་པོ་ཆགས་ཡོད་པ་དང་། གོང་གི་གནས་ཚུལ་ཁག་ཀྱང་ལོ་ངོ་བདུན་ཕྱིན་པའི་རྗེས་སུ་མ་གཏོགས་ཤེས་རྟོགས་བྱུང་མེད་པ་གནས་ཚུལ་ངོ་སྤྲོད་པས་འགྲེལ་བརྗོད་གནང་ཡོད།