རྒྱ་ནག་གཞུང་གིས་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་སུ་མི་ལོ་བཞིའི་དུས་བཀག་ཁྲིམས་ཐག་བཅད་འདུག

2022.06.21
རྒྱ་ནག་གཞུང་གིས་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་སུ་མི་ལོ་བཞིའི་དུས་བཀག་ཁྲིམས་ཐག་བཅད་འདུག བོད་ནང་གི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཉེན་རྟོག་པས་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༡༢་པའི་ཚེས་༢ཡས་མས་སུ་འཛིན་བཟུང་བྱས་བའི་བོད་ནང་གི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཕྱི་ལོ་༢༠༢༡ལོའི་ཟླ་༡༢བའི་ཚེས་༡ཉིན་ཟི་ལིང་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་བའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཅད་ཡོད་འདུག
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་བོད་ནང་གི་ཤེས་ཡོན་པ་སྐད་གྲགས་ཅན་ཞིག་ཡིན་པ་དང་། དེ་སྔ་བོད་ནང་གི་བཙན་པོ་དྲ་རྒྱ་གཙོ་སྐྱོང་བྱེད་མཁན་ཞིག་ཡིན། ཁོང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཡུན་རིང་གནས་སྟངས་གསལ་བོ་མེད་པར་གར་སོང་ཆ་མེད་དུ་གྱུར་བ་དང་། དམ་དྲག་གི་དབང་གིས་གནས་ཚུལ་ཕྱི་ལ་མ་འབྱོར་བར་ཡུན་རིང་འགོར་ཡོད། ད་ཆ་ཁོང་ལ་མི་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་འབྱོར་བས་ཧང་སང་བྱུང་། ཁོང་གིས་ད་བར་རྩོམ་བྲིས་བ་དང་གཏམ་བཤད་སྤེལ་བ་དག་ནི་བོད་ཀྱི་རིག་གཞུང་སྐད་ཡིག་དང་འབྲེལ་བ་ཡོད་པ་ལས་ཆབ་སྲིད་ཀྱི་ནག་ཉེས་མེད་པ་གསུང་བྱུང་ལ་འདི་ག་རླུང་འཕྲིན་ཁང་གིས་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐད་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་པ་ཡིན།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་མདོ་སྨད་རེབ་གོང་མདོ་བ་འབྲོག་ཕྱོགས་ནས་ཡིན་པ་དང་། སྨྱུག་མིང་ལ་ལྷམ་ཀོག་ཟེར་ཞིང་། བོད་ཀྱི་སྐད་ཡིག་དང་རིིག་གནས་ལ་མཁྱེན་རྒྱ་ཆེ་བ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་གནས་བབ་ཐད་རྒྱུན་དུ་ཐུགས་ཚབས་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད། དུས་རྒྱུན་རོང་བོ་དགོན་ཆེན་གཙོས་བོད་ཀྱི་ས་ཁུལ་འདྲ་མིན་ལ་ཕེབས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་རིག་གནས་ཀྱི་སྐོར་ལ་བགྲོ་གླེང་དང་འཆད་ཁྲིད་གནང་མྱོང་བ་དང་། ཁོང་གིས་<<རྐང་གླིང་སྐྱ་བོ>> དང་། <<ལྷ་ཆེན་པོའི་སྙན་ངག>> <<ཕྲེང་བ་ནག་པོ>> <<མི་ཚེའི་དབྱངས་རྟ>> <<གླེགས་བམ་དཀར་བོ>> <<འཁོར་བ་>>སོགས་སྙན་ངག་རྐྱང་བའི་དེབ་དྲུག་བཏོན་ཡོད་པ་མ་ཟད། ཁོང་གི་བརྩམས་ཆོས་ཁག་ཅིག་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཆེ་གྲས་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་མྱོང་བ་དང་། ཁོང་གིས་བྲིས་པའི་སྙན་ངག་ཕག་ལོ་བར་ཀློག་པ་པོ་ཚོས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།
རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནང་བོད་ནང་གི་ཤེས་ལྡན་མི་སྣ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་ཐུགས་ཁུར་གནང་མཁན་ཚོར་ཉེས་མིང་སྣ་ཚོགས་ཀྱི་ཐོག་ནས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་གནས་ཚུལ་ཐོན་མུས་ལྟར། རྒྱ་གཞུང་གིས་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་ས་བུ་ཆེའམ་དངོས་མིང་ལ་ཐུབ་བསྟན་བློ་གྲོས་ཞེས་པ་གློ་བུར་འཛིན་བཟུང་གིས་ཉེ་ལམ་ཕྱི་ཟླ་༦ཚེས་༡༤ཡས་མས་ཤིག་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་འབྱོར་ཡོད།
ཡང་དགུང་ལོ་༤༥་ལ་སོན་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས། ༢༠༢༠་ལོའི་ཕྱི་ཟླ་༡༠་བའི་ཚེས་༢༦་ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་རྒྱ་ནག་གི་གསང་བའི་མི་སྣ་དང་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་གློ་བུར་འཛིན་བཟུང་རྗེས། ཡུན་རིང་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། རྗེས་སུ་༢༠༢༡་ལོའི་ཟླ་༡༢་བའི་ཚེས་༡༠་ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར། ལྷ་སའི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་ལ་མི་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་རེད།
གཞན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བའི་ནང་། བོད་ནང་གི་རྩོམ་པ་པོ་དང་ལོ་ཙ་བ་རོང་པོ་གངས་དཀར་ལགས་རྒྱ་ནག་ཉེན་རྟོག་པས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་ད་ལྟའི་ཆར་གང་དུ་བཀག་ཉར་བྱས་ཡོེད་མེད་སོགས་གནས་སྟངས་ཁ་གསལ་མེད་ཅིང་། སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་ན། དེའི་སྐོར་རྩད་གཅོད་བྱེད་བཞིན་པ་དང་ད་ལྟའི་ཆར་ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་གསལ་བོ་མེད་པ་གསུངས་བྱུང་།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎