རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་བསྟོད་དབྱངས་འབུལ་མཁན་བོད་མི་གཉིས་ལ་ཁྲིམས་ཆད་བཅད་འདུག
2020.07.13
མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་བོད་མི་གཉིས་ཀྱིས་༧གོང་ས་མཆོག་ལ་བསྟོད་གླུ་བརྩམས་པ་དང་བླངས་བར་རྐྱེན་བྱས་ནས་རྒྱ་ནག་གཞུང་གིས་ཁྲིམས་ཆད་བཅད་ཡོད་འདུག
དེ་ཡང་མདོ་སྨད་མཚོ་སྔོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་ཡུལ་ཚོའི་རྡོ་དཀར་སྡེ་བ་ནས་ཡིན་པའི་བོད་རིགས་ན་གཞོན་མཁའ་འགྲོ་ཚེ་བརྟན་ཞུ་བ་ཞིག་གིས། ཕྱི་ལོ་ ༢༠༡༩ ་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གླུ་ཚིག་ཅིག་བྲིས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་ ༧ ་པའི་ཚེས་མགོར་ཁོང་དང་ཁོང་གི་གླུ་ཚིག་གླུ་རུ་ལེན་མཁན་གླུ་བ་ཚེ་རྒོ་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་དང་། གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་མཁའ་འགྲོ་ཚེ་བརྟན་ལ་ལོ་ ༧ ་དང་། གླུ་བ་ཚེ་རྒོ་ལ་ལོ་ ༣ ་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཕྱི་ཚེས་༡༣་ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་འདུག
ཡང་གནས་ཚུལ་ནང་། སྐབས་དེར་གླུ་གཞས་དེ་སྐད་འཕྲིན་སོགས་སུ་བརྒྱུད་བསྐུར་བྱེད་མཁན་ཡུལ་དེའི་ནག་ལྡོང་སྡེ་བའི་བུ་མོ་ཞིག་ཀྱང་འཛིན་བཟུང་བྱས་ཏེ། ལོ་གཅིག་ལྷག་གི་རྗེས་སུ་གློད་གྲོལ་ཐོབ་ཡོད་ཀྱང་མིང་སོགས་ཤེས་རྟོགས་བྱུང་མེད་ཚུལ་དང་། དེ་མིན་མཁའ་འགྲོ་ཚེ་བརྟན་ལགས་ནི། དེ་སྔ་ཕྱི་ལོ་ ༢༠༡༠ ་ལོར་རེབ་གོང་ནས་སློབ་མ་ཚོས་སྐད་ཡིག་རང་དབང་ཆེད་ཀྱི་ངོ་རྒོལ་ཡར་ལངས་ནང་ཞུགས་ཚུལ་གྱིས་ཕྱི་ལོ་ ༢༠༡༢ ་ལོའི་ཟླ་ ༡༢ ་བའི་ནང་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༡༤ ་ལོའི་ཟླ་ ༧ ་པ་བར་བཀག་ཉར་བྱས་ཡོད་པ་དང་། ཁོང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡང་རང་དབང་མེད་པར་གྱུར་ནས་སློབ་གྲྭ་སོགས་སུ་འགྲོ་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་སོགས་བཀོད་འདུག