བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ར་ཇི་སི་ཐན་དུ་འབྱོར་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་ཉིན་གྲངས་ ༥༧ པར་འདི་ཚེས་༡༧ཉིན་རྒྱ་གར་ནུབ་བྱང་ཁུལ་གྱི་ར་ཇི་སི་ཐན་(Rajasthan)་མངའ་སྡེའི་རྒྱལ་ས་(Jodhpur)་ནང་འབྱོར་ཡོད་པ་དང་། ས་གནས་དེར་ཡོད་པའི་བོད་པའི་ཁྲོམ་སར་འབྱོར་མ་ཐག་ཁྲོམ་སའི་ཚོགས་གཙོ་སྐལ་བཟང་ལགས་གཙོས་འཐུས་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་མ་ཟད། མང་ཚོགས་འདུ་འཛོམས་ཀྱི་ལས་རིམ་ཐོག་ཁྲོམ་སའི་ཚོགས་ཟུར་ནས་ལས་འགུལ་བ་རྣམས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་དང་། གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་གིས་ཀྱང་ལས་འགུལ་གྱི་དམིགས་ཡུལ་དང་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་མང་ཚོགས་ལ་ངོ་སྤྲོད་གཏམ་བཤད་གནང་ཡོད་པ་རེད། སྐབས་དེར་ཇོཌ་པུར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Rajendra Singh)་ལགས་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་རྫོང་ཁག་ཅིག་གི་ཚོགས་གཙོ་སོགས་ཆེད་བཅར་གནང་ཡོད་པ་མ་ཟད། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་ཟུང་དྲུང་། ཁྲོམ་སའི་ཚོགས་གཙོ་བཅས་ལ་ར་ཇི་སི་ཐན་མངའ་སྡེའི་སྲོལ་རྒྱུན་གྱི་དབུ་རས་སོགས་གཡོགས་གནང་ཏེ་འཚམས་འདྲི་མཚོན་པ་གནང་འདུག
དེ་ནས་ས་གནས་དེར་ཡོད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་གནང་བ་དང་། སྐབས་དེར་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་གིས་གསར་འགོད་པ་རྣམས་ལ་གཞི་རྒྱ་ཆེ་བའི་སྦག་སྦག་སྐོར་བསྐྱོད་ལས་འགུལ་གྱི་དམིགས་ཡུལ་དང་དགོས་འདུན། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ངོ་སྤྲོད་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་མ་ཟད། གསར་འགོད་གསལ་བསྒྲགས་སྐབས་ས་གནས་དེར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་མང་དག་ཞིག་ཆེད་བཅར་གནང་ཡོད་པ་རེད་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་ལས་འགུལ་དེའི་དགོས་འདུན་གཙོ་བོ་གསུམ་བཏོན་བཞིན་པ་ནི། དང་པོ། བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པ། གཉིས་པ། རྒྱ་གར་གྲོས་ཚོགས་ནང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱི་གྲོས་ཆོད་གཏན་འབེབས་གནང་རྒྱུ། གསུམ་པ། བོད་དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་ཆ་ནས་ད་ཆ་རྒྱ་ནག་གཞུང་གི་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་དང་གནོད་བཅུད་ལ་ཉེན་ཁ་བཟོ་བཞིན་ཡོད་དུས་འཛམ་གླིང་མི་མང་ནས་དེར་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་སོགས་ཡིན་པ་རེད།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་ལོ་སྔོན་མའི་སྤྱི་ཟླ་༡༡པའི་ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་འཕགས་བོད་ས་མཚམས་འབུམ་ལ་ནས་དངོས་སུ་འགོ་འཛུགས་གནང་བ་དང་། དེ་ནས་ཟླ་བ་གཉིས་ཀྱི་རིང་། རྒྱ་གར་ནང་གི་མངའ་སྡེ་ཁག་༢༠ལྷག་གི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནང་སྤྱི་ལེ་ཆིག་ཁྲི་ལྔ་སྟོང་ལྷག་སྐོར་བསྐྱོད་གནང་རྒྱུ་དང་། དེའི་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་པའི་ས་གནས་དང་དབུས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་། ས་གནས་སུ་གསར་འགོད་ལྷན་ཚོགས་ཀྱིས་བོད་དོན་དྲིལ་བསྒྲགས། རྒྱ་གར་གྱི་གཞུང་སྒེར་ཚོགས་སྡེ་ཁག རྒྱ་གར་མི་མང་བཅས་ལ་བོད་དོན་གོ་རྟོགས་སྤེལ་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ་གནང་བཞིན་པ་དང་། དེ་སྔོན་ཁོང་ཚོ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་སྐབས་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་ས་གནས་ཀྱི་རྒྱ་གར་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་བྱུང་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།