རྒྱ་ནག་གཞུང་གིས་བོད་ནང་གཉེན་འཕྲད་སྐྱོད་མཁན་བོད་མི་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་འབྲངས་བ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལས་ཀ་བྱས་ཡོད་སྐོར་བརྗོད་ནས་འདྲི་རྩད་ཀྱིས་ཕྱིར་སློག་བྱས་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༡ ནང་ཡོ་རོབ་སྦེལ་ཇིཡམ་ནས་ཡིན་པའི་བོད་མི་ཞིག་ལོ་ངོ་ ༢༦ རྗེས། རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་ཁག་གི་མི་སེར་ཚོར་ཐོངས་མཆན་མི་དགོས་པར། ཉིན་གྲངས་ ༡༥ རིང་རྒྱ་ནག་ནང་འགྲུལ་སྐྱོད་ཆོག་པའི་ཆོག་མཆན་སྤྲད་པ་གཞིར་བཟུང་བོད་ནང་གཉེན་འཕྲད་དུ་འགྲུལ་སྐྱོད་བྱས་སྐབས། རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་གྱི་རྒྱལ་སའི་གནམ་ཐང་དུ། རྒྱ་ནག་གཞུང་འབྲེལ་མི་སྣས་བོད་མི་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་མཛད་རིམ་བཀོད་སྒྲིག་དང་། སྦེལ་ཇིཡམ་བོད་ཀྱི་གཟའ་མཇུག་སློབ་གྲྭའི་ནང་ལས་ཀ་བྱས་ཡོད་ལུགས་བཤད་དེ། གནམ་ཐང་དུ་དུས་ཡུན་ཆུ་ཚོད་ ༢༠ ལྷག་རིང་འདྲི་རྩད་བྱས་ཏེ་བཀག་འགོག་གིས་ཕྱིར་སློག་བྱས་ཡོད་པ། བོད་མི་དེ་དང་འབྲེལ་ཡོད་ཡོ་རོབ་ཏུ་གནས་སྡོད་ས་དཀར་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་འབྲེལ་ཡོད་ལ་དངོས་སུ་འབྲེལ་བ་བྱེད་ཐབས་བྱས་ཀྱང་། དོ་བདག་གིས་ད་ལྟའི་ཆར་སྦེལ་ཇིཡམ་དོན་གཅོད་དུ་གནས་ཚུལ་ཇི་བྱུང་ཡིག་ཐོག་བརྒྱུད་ཕུལ་གནང་ཡོད་པ་ལས། གསར་འགྱུར་བརྒྱུད་ལམ་ལ་དམིགས་བསལ་གསལ་བཤད་གནང་ཐུབ་ཀྱི་མེད་པའི་ལན་འདེབས་གནང་སོང་ལ། ས་དཀར་བཀྲ་ཤིས་ལགས་ཀྱིས་གསུངས་ན། ཁོང་བོད་ལ་གཉེན་འཕྲད་དུ་སྐྱོད་སྐབས་ནང་མི་མཉམ་དུ་ཡོད་པ་དང་། གནམ་ཐང་དུ་ཁོང་བཀག་འགོག་གིས་ཕྱིར་སློག་ཐག་གཅོད་བྱས་ཡོད་ཀྱང་། ཁོང་གི་བཟའ་ཟླ་བོད་ནང་གཉེན་འཕྲད་དུ་འགྲོ་སྐྱོད་བྱེད་བཅུག་ཡོད་ཅིང་། ཐེངས་འདིར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པའི་བོད་མི་ཁོང་ནི། སྦེལ་ཇིཡམ་བོད་རིགས་ཚོགས་པའི་གཟའ་མཇུག་སློབ་གྲྭའི་སློབ་སྤྱི་གཙོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་མཛད་རིམ་གོ་སྒྲིག་གནང་བ་སོགས། བོད་དོན་དང་འབྲེལ་བའི་ཕྱག་ལས་སྣ་མང་གཉེར་མཁན་ཞིག་ཡིན་སྟབས། གནམ་ཐང་དུ་འབྱོར་བ་དང་རྒྱ་ནག་གཞུང་འབྲེལ་མི་སྣས་སྔ་ས་ནས་ཤེས་རྟོགས་ཡོད་པ་མ་ཟད། བོད་མི་དེར་ཁྱོད་ཀྱིས་ད་བར་༧ཏཱ་ལའི་བླ་མའི་རྗེས་སུ་འབྲངས་ནས་ལས་དོན་སྣ་མང་གཉེར་ཡོད་སྐོར་བརྗོད་དེ་བཀག་འགོག་དང་འདྲི་རྩད་བྱེད་མགོ་བཙུགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་ངོས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ནས་ཕྱི་ལོ་ ༢༠༢༥ ཟླ ༡༢ བར། ཡོ་རོབ་རྒྱལ་ཁབ་ཁག་གི་མི་སེར་རྣམས། རྒྱ་ནག་ནང་འགྲུལ་སྐྱོད་སྐབས་ཐོངས་མཆན་ལག་ཁྱེར་མི་དགོས་པའི་སྲིད་བྱུས་ལག་བསྟར་བྱེད་ཡོད་པ་ལྟར། བོད་མི་ཁོང་གིས་རྒྱ་ནག་གི་སྲིད་བྱུས་དེ་གོ་སྐབས་སུ་བླངས་ཏེ་བོད་ནང་གཉེན་འཕྲད་ཆེད་འགྲུལ་སྐྱོད་བྱས་ཡོད་པ་དང་། ཡང་ས་དཀར་བཀྲ་ཤིས་ལགས་ཀྱིས་མུ་མཐུད། བོད་མི་ཁོང་གནམ་ཐང་ནས་བཀག་ཉར་དང་འབྲེལ། གནམ་ཐང་ལས་བྱེད་ཚོས་གློག་ཀླད་ངོས་སུ་བོད་མི་དེ་དང་འབྲེལ་བའི་གནས་ཚུལ་ཚང་མ་བསྡུ་ཉར་བྱས་ཡོད་པ་མ་ཟད། ལས་ཀ་ག་རེ་བྱས་ཡོད་པ་རེ་རེ་བཞིན་ཚུར་ངོ་སྤྲོད་བྱས་ཡོད་པ་དང་། དེ་མིན་གནམ་ཐང་ལས་བྱེད་ཚོས་སྦེལ་ཇིཡམ་རྒྱ་ནག་གཞུང་ཚབ་གཙོས་ས་གནས་གང་སར་འབྲེལ་བ་བྱས་ཏེ། མཇུག་ཏུ་ཕྱིར་སློག་བྱ་རྒྱུ་ཐག་གཅོད་ཀྱིས་གནམ་གྲུའི་ནང་དུ་མ་བསྡད་བར་དུ། ཉེན་རྟོག་པའི་སྐོར་སྲུང་འོག་བཅུག་སྟེ་ཕྱིར་སློག་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་མང་པོར་ཐོངས་མཆན་མི་དགོས་པའི་སྲིད་བྱུས་ལག་བསྟར་དང་འབྲེལ། བོད་ནང་གཉེན་འཕྲད་དུ་སྐྱོད་མཁན་བོད་མི་མང་དག་ཅིག་ལ་འདྲི་རྩད་བཀག་ཉར་དང་ཕྱིར་སློག་གི་གནས་ཚུལ་བྱུང་ཡོད་ལ། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་གྱི་གནམ་ཐང་ནས་བོད་མི་གཉིས་ཕྱིར་སློག་བྱས་པ་དང་། ཡང་ཡོ་རོབ་སྦེལ་ཇིཡམ་ནས་ཡིན་པ་བོད་མི་ཐུབ་བསྟན་རྒྱ་མཚོ་ཞུ་བ་ཞིག་རྒྱ་ནག་ཧྲང་ཧེའི་གནམ་ཐང་ནས་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད། ས་དཀར་བཀྲ་ཤིས་ལགས་ཀྱིས་རྒྱ་ནག་གི་མཆོག་མཆན་མི་དགོས་པའི་སྲིད་བྱུས་དང་འབྲེལ། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་མང་དག་ཅིག་བོད་ནང་འགྲུལ་སྐྱོད་བྱེད་བཞིན་ཡོད་ན་ཡང་། ཕྱི་ཕྱོགས་ནས་བོད་དོན་དང་འབྲེལ་བའི་ལས་དོན་རིགས་མི་གཉེར་མཁན་ཚོར་དཀའ་ལས་མེད་པར་འགྲོ་ཐུབ་བཞིན་ཡོད་པས། གནས་སྟངས་དེས་མ་འོངས་པར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ཚོ་བོད་དོན་ལས་འགུལ་ཁག་ནང་ཞུགས་མི་ཐུབ་པ་དང་། ལྷག་པར་དུ་རྒྱ་ནག་གིས་བཀོད་མངགས་ལྟར་ལས་ཀ་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པའི་གནས་སྟངས་ཤིག་ཡོང་སྲིད་པའི་ཉེན་ཁ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་གི་འདུག །
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།