བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་ཀྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་རྔོན་པ་རུ་ཁག་ལ་ཐོབ་ཡོད་པ།

2022.06.16
Share on WhatsApp
Share on WhatsApp
བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་ཀྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་རྔོན་པ་རུ་ཁག་ལ་ཐོབ་ཡོད་པ། བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་སྐབས་ཀྱི་པར། ༢༠༢༢།༠༦།༡༥
Photo/RFA

བཞུགས་སྒར་དུ་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ལོ་ངོ་ ༦༣ འཁོར་བའི་དགའ་སྟོན་དང་སྐབས་བསྟུན། ལོ་རེ་འཆར་ཅན་དུ་གནང་སྲོལ་ཡོད་པའི་ཟློས་གར་ནང་ཁུལ་གྱི་རྒྱ་ལུ་དང་རྔོན་པ་རུ་ཁག་ཕན་ཚུན་དབར། རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ཟློས་གར་དབྱར་སྐྱིད་དུ་འབོད་པ། ཕྱི་ཟླ་ ༦ པའི་ཚེས་ ༡༥ ཉིན་གནང་བའི་སྐུ་མགྲོན་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་རྒྱ་གར་གཞུང་གི་མགོ་ཁྲིད་ཁག་ཅིག་ཀྱང་ཕེབས་ཡོད་པ་དང་། བོད་ཀྱི་ཟློས་གར་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས། ལོ་རབས་དྲུག་ཅུའི་སྨད་ཙམ་ནས་བྲོ་པ་རྒན་གཞོན་བར་གསུམ་གྱིས་རྣམ་དཔྱོད་རྩལ་འདོན་གྱི་སྡིངས་ཆ་བསྐྲུན་ཏེ། བོད་ཀྱི་ཡུལ་ལུང་ཁག་གི་རྐང་བྲོ་གླུ་གཞས་འཁྲབ་སྟོན་དང་ཉམས་ཞིབ་ཆེད། ལོ་ལྟར་རུ་ཁག་གཉིས་ཀྱི་བར་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་བྱེད་བཞིན་པ་དེས། བོད་ཀྱི་སྲོལ་རྒྱུན་གླུ་གཞས་རྩ་བརླག་ཏུ་འགྲོ་བཞིན་པ་མང་པོ། བསྐྱར་གསོ་ལེགས་སྒྲིག་དང་འཚོལ་སྡུད་ལ་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་ཟློས་གར་ཚོགས་པའི་བྲོ་བ་ནང་ཁུལ་གྱི་རྔོན་པ་དང་རྒྱ་ལུ་རུ་ཁག་གཉིས་ཀས། བོད་ཀྱི་དབུས་གཙང་དང་མདོ་སྟོད་སྨད་ནས་སྟོང་ལ་ཉེ་བའི་སྲོལ་རྒྱུན་གླུ་བྲོ་དང་། གཏམ་བརྗོད་སོགས་འཁྲབ་སྟོན་འགྲན་བསྡུར་རིམ་པར་བྱས་པ་བརྒྱུད། འདི་ལོའི་འགྲན་བསྡུར་གྱི་རྒྱལ་ཁ་རྔོན་པ་རུ་ཁག་ལ་ཐོབ་པ་ཡོངས་བསྒྲགས་གནང་སོང་།
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འགྲན་བསྡུར་གང་ཅིར་ཐོབ་ཤོར་ཡོད་པ་ནི་ཆོས་ཉིད་ཡིན་པས། དེ་ལ་ཧ་ཅང་བློ་ཕམ་སེམས་ངལ་གནང་དགོས་དོན་ཅི་ཡང་མེད་པ་དང་། ད་ལྟ་དེ་ཙམ་མ་བྱུང་ནའང་མ་འོངས་པར་ཡག་པོ་ཡོང་རེ་ཡོད་པ། ཆ་ཤས་བླངས་ཏེ་གཟིགས་མོ་བ་ཚོར་གཟིགས་མོར་ཕུལ་བ་ལས་བྱ་དགའ་ཆེ་བ་མེད་པས། ཟློས་གར་གྱིས་འཁྲབ་སྟོན་དོན་སྙིང་ལྡན་པ་གནང་བར་བསྔགས་བརྗོད་ཞུས་གནང་གི་འདུག

ཡང་རྒྱལ་ཁ་ཐོབ་མཁན་རྔོན་པ་རུ་ཁག་གི་བསྟན་འཛིན་འབྱོར་ལྡན་ལགས་ནས། རྔོན་པ་རུ་ཁག་གིས་ལོ་དྲུག་བསྟུད་མར་རྒྱལ་ཁ་ཐོབ་ཡོད་པས་སེམས་ལ་དགའ་ཚོར་དང་ཆབས་ཅིག། ལོ་རྗེས་མ་དེར་ཡང་བསྐྱར་ཐོབ་རེ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་རུ་ཁག་གི་བསྟན་འཛིན་ལྷ་སྒྲོན་ལགས་ནས་འཁྲབ་གཞས་གཉིས་ནི་སྲོལ་རྒྱུན་གཞས་སྣ་ཡིན་པ་དང་། གཏམ་བརྗོད་ནི་ཁོ་རང་ཚོའི་རུ་ཁག་གིས་གསར་རྩོམ་གནང་བ་ཡིན་པ་དང་། རྒྱལ་ཁ་ཐོབ་པར་སྐྱིད་སྣང་དང་ཤོར་ན་ཉོབ་སྣང་བསླེབས་ས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་ཟློས་གར་ཚོགས་པ་ནི་བཙན་བྱོལ་དུ་ཕྱི་ལོ་ ༡༩༥༩ ལོ་ནས་གསར་འཛུགས་གནང་སྟེ། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གྱིས་ད་བར་འཛམ་གླིང་ཡུལ་གྲུ་སུམ་ཅུ་སོ་གྲངས་ནང་འཁྲབ་སྟོན་གྱིས། བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎