བཙན་བྱོལ་ནང་བོད་པའི་ན་གཞོན་ཉམས་ཞིབ་པའི་སྤུས་ཚད་ཡར་རྒྱས་ཕྱིན་ཡོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་གསུངས་སོང་།

2023.12.29
བཙན་བྱོལ་ནང་བོད་པའི་ན་གཞོན་ཉམས་ཞིབ་པའི་སྤུས་ཚད་ཡར་རྒྱས་ཕྱིན་ཡོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་གསུངས་སོང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་གནང་བཞིན་པའི་སྐབས། ༢༠༢༣།༡༢།༢༩ ཉིན།
བོད་མིའི་སྒྲིག་འཛུགས།

བཞུགས་སྒར་དུ་ཆགས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནི་དེང་སྐབས་བཙན་བྱོལ་བོད་མིའི་ཉམས་ཞིབ་པ་ཚོ་འདུས་ས་དང་ཉམས་ཞིབ་ཀྱི་རྩལ་སྟོན་སའི་སྡིངས་ཆ་ལྟ་བུ་ཞིག་ཆགས་ཡོད་པར་བརྟེན། ཉམས་ཞིབ་ཁང་དེ་ཉིད་ཀྱིས་གོ་སྒྲིག་འོག་འདི་ཚེས་ ༢༩ ཉིན་གངས་སྐྱིད་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་དབུ་འབྱེད་གནང་སྟེ། ཚོགས་འདུ་ཐེངས་དགུ་པའི་ཐོག་སྔར་དང་མི་འདྲ་བ། གཞོན་སྐྱེས་བཙུན་མ་འགའ་ཞིག་མཉམ་ཞུགས་ཀྱིས་འདི་ལྟ་བུའི་ཉམས་ཞིབ་དཔྱད་རྩོམ་སྤེལ་བ་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་ཉམས་ཞིབ་ཀྱི་གནས་བབ་ཡར་རྒྱས་འགྲོ་བཞིན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

In Between.jpg

ད་རེས་དབུ་འབྱེད་གནང་བའི་ན་གཞོན་ཉམས་ཞིབ་པ་ཚོའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དེའི་ནང་། བོད་ཀྱིས་ཏུན་ཧོང་བདག་ཏུ་བཟང་བའི་སྐོར་གླེང་བ་སྐོར་དང་། ཕྱི་ལོ་ ༡༩༢༨ ལོར་བོད་ནང་ལྷག་པའི་ཤར་པ་རྒྱལ་པོའི་གནད་དོན་གྱི་སྐོར། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་ཨ་རི་བར་གྱི་འབྲེལ་བའི་སྐོར། དེ་བཞིན་རི་བོ་དགེ་ལུགས་པའི་བསྟན་བདག་དགའ་ལྡན་ཁྲི་པའི་འབྱུང་རབས་སྐོར་སོགས་བོད་ཀྱི་ནང་ཆོས་དང་། ལོ་རྒྱུས། རྩོམ་རིག བརྡ་སྤྲོད། སྐད་ཡིག སྲིད་དོན། སྐྱེ་ཁམས། དམངས་སྲོལ་སོགས་བརྗོད་གཞི་མི་འདྲ་བ་ ༢༤ འདུག་ཅིང་། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། དཔེ་དེབ་དེ་ནི་མ་འོངས་པ་བོད་རིག་པའི་ཚོགས་འདུ་དང་འབྲེལ་བའི་དཔྱད་ཞིབ་ཡིག་ཆ་ལྟ་བུ་ཞིག་ཏུ་གྱུར་ཐུབ་པའི་ནུས་པ་ཡོད་པ་གསུངས་སོང་། 

ཡང་སྐབས་དེར་ཉམས་ཞིབ་ཁང་དེ་ཉིད་ཀྱི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། སྲིད་བྱུས་ཉམས་ཞིབ་ཁང་གིས་འགྲེམས་སྤེལ་བྱས་པའི་དཔྱད་རྩོམ་དེ་དག་ནི་རྒྱུན་དུ་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་བོད་དང་འབྲེལ་བའི་དུས་དེབ་དེ་དག་ལས་སྤུད་ཚད་ཡག་བ་ཡོད་པ་མྱོང་ཚོར་བྱུང་བའི་སྐོར་གསུངས་ཤིང་། མ་འོངས་པ་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་དོན་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྤུས་ཚད་གོང་མཐོར་དང་འབྲེལ་བའི་ཚོགས་འདུ་གང་ཐུབ་ཀྱིས་གོ་སྒྲོག་གནང་རྒྱུ་ཡིན་པ་གསུངས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པ་དེ་བཞིན་ཁ་སྔོན་ཕྱི་ཟླ་༨ པའི་ནང་བསྐོང་ཚོགས་གནང་སྟེ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉམས་ཞིབ་པ་ཚུད་པའི་རྒྱ་བལ་གཉིས་ནས་གཞོན་སྐྱེས་ཉམས་ཞིབ་པ་ ༣༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིར་ཉིན་གཉིས་རིང་འཚོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎