འོས་བསྡུ་ལས་ཁང་གིས་བོད་མི་མང་སྤྱི་འཐུས་ཚབ་གསར་གཉིས་སྒུག་ཐོ་ལྟར་བསྐོ་བཞག་གནང་འདུག

2021-04-13
Share
འོས་བསྡུ་ལས་ཁང་གིས་བོད་མི་མང་སྤྱི་འཐུས་ཚབ་གསར་གཉིས་སྒུག་ཐོ་ལྟར་བསྐོ་བཞག་གནང་འདུག དགེ་བཤེས་རྔ་བ་གངས་རི་ལགས་དང་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་གཉིས།
སྒྲིག་བཟོ།/RFA

བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གིས་དབུས་གཙང་ཆོལ་ཁའི་འོས་གྲངས་ཀྱི་སྒུག་ཐོ་དང་པོ་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་དང་མདོ་སྨད་ཆོལ་ཁའི་སྒུག་ཐོ་དང་པོ་དགེ་བཤེས་རྔ་བ་གངས་རི་ལགས་གཉིས་སྤྱི་འཐུས་ཚབ་གསར་དུ་བསྐོ་བཞག་གནང་འདུག
དེ་ཡང་འདི་ཚེས་༩དང་༡༢སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གིས་༢༠༡༦ལོའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས། མདོ་སྨད་ཆོལ་ཁའི་འོས་གྲངས་ཀྱི་སྒུག་ཐོ་དང་པོ་དགེ་བཤེས་རྔ་བ་གངས་རི་ལགས་དང་། དབུས་གཙང་ཆོལ་ཁའི་སྒུག་ཐོ་དང་པོ་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་གཉིས་སྤྱི་འཐུས་ཚབ་གསར་དུ་བསྐོ་བཞག་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་བཀོད་རྒྱའི་ནང་། བོད་མི་མང་སྤྱི་འཐུས་སྐབས་༡༦པའི་དབུས་གཙང་ཆོལ་ཁའི་ཐོབ་ཁོངས་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་གཉིས་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྩ་དགོངས་ཞུས་བསྩལ་བཞིན། བཙན་བྱོལ་བོད་མའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༥༡ནང་གསེས་༢པའི་ནང་། སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང་ཟུར་དཔང་རྣམས་ཀྱི་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས། ཞེས་པའི་དགོངས་དོན་ལྟར་ཚབ་གསར་བསྐོས་བ་ཡིན་པ་འཁོད་འདུག
ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པད་མ་འབྱུང་གནས་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གནད་དོན་དང་འབྲེལ་སྤྱི་འཐུས་ལྷན་ཚོགས་ནས་དགོངས་ཞུ་གནང་བར། ད་ཆ་སྤྱི་འཐུས་ལྷན་ཚོགས་ནང་སྤྱི་འཐུས་ཚོགས་གཙོ་མེད་སྟབས་སྤྱི་འཐུས་ཚབ་གསར་ཁྱུ་གསར་རྣམ་རྒྱལ་ལགས་དང་དགེ་བཤེས་རྔ་བ་གངས་རི་ལགས་རྣམ་གཉིས་ཀྱིས་དམ་འབུལ་སུའི་ས་ནས་ཞུ་དགོས་བ་ཁ་གསལ་མེད་པ་རེད། དེ་བཞིན་ཕྱི་ཟླ་ལྔ་པའི་གྲོས་ཚོགས་འཕར་མ་མ་འཚོགས་བར་སྤྱི་འཐུས་ཚོགས་གཙོ་ཚབ་གསར་ཡང་འོས་འདེམས་བྱ་ཐབས་མེད་པར་གྱུར་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།