ཨ་རིའི་གྲོས་ཚོགས་ནང་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཞེས་བའི་ཁྲིམས་འཆར་ཞིག་བཏོན་གནང་འདུག

2025.01.30
ཨ་རིའི་གྲོས་ཚོགས་ནང་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཞེས་བའི་ཁྲིམས་འཆར་ཞིག་བཏོན་གནང་འདུག སོག་པོའི་རྒྱལ་ས་(Ulan Bator)ནང་རྒྱ་ནག་གི་སྐད་ཡིག་རྒྱ་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་སྐབས། ༢༠༢༠།༩།༡༥
སྒྲིག་བཟོ། /AFP

དེ་ཡང་ཨ་རིའི་ཨོ་རེ་གྷན་ (Oregon) མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ འཇེཕ་མརྐ་ལེ་ (Jeff Merkley) ལགས་དང་། ཨ་རིའི་ཨ་ལསི་ཀ་ (Alaska)་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཌན་སུ་ལི་ཝན་ (Dan Sullivan)་ལགས་རྣམ་གཉིས་ཟུང་འབྲེལ་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་དགོས་པའི་སྐོར་ཁྲིམས་འཆར་ཞིག་གཏོན་ཡོད་པ་དང་། ཨ་རིའི་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་སྲིད་ཇུས་ཀྱི་ཁྲིམས་འཆར་ཞེས་པའི་དེ་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་རྒྱ་ནག་ནང་གི་སོག་པོའི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱབ་སྐྱོར་བྱ་རྒྱུའི་ཨ་རིའི་སྲིད་ཇུས་ཤིག་ཡིན་པ་རེད།
ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྲིད་ཇུས་ཞེས་པའི་ཁྲིམས་འཆར་གྲོས་ཚོགས་སུ་བཏོན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འཇེཕ་མརྐ་ལེ་ (Merkley) ལགས་ཀྱིས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་རིག་གཞུང་ཐོག་མུ་མཐུད་ནས་དྲག་གནོན་བྱེད་བཞིན་པ་དང་། ཁོང་ཚོའི་གཞི་རྩའི་རང་དབང་ཆེད་དུ་འཐབ་རྩོད་གནང་མཁན་ཚོར་ཨ་རིས་སེམས་ཐག་བཅད་ནས་རྒྱབ་སྐྱོར་གནང་དགོས་པ་རེད། ཅེས་དང་། ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྲིད་ཇུས་ཞེས་པའི་ཁྲིམས་འཆར་དེས་རྒྱ་ནག་གཞུང་གིས་སོག་པོའི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་ལ་ཨ་རིས་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་ལ་ཨ་རིའི་ཁྲིམས་འཆར་གྱིས་ལྷོ་སོག་པོ་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་ཨ་རིས་ངོས་ལེན་བྱེད་ཐབས་མེད་པ་གསལ་པོ་བཟོས་ཡོད། ཅེས་གསུངས་འདུག
དེ་བཞིན་སུ་ལི་ཝན་ (Sullivan) ལགས་ཀྱིས་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པར་ཨ་རིའི་འཛམ་གླིང་ཡོངས་ཀྱི་ཁེ་ཕན་དང་ཨ་རིའི་གལ་ཆེའི་བཟོ་ལས་ཁག་ལ་གནོད་འཚེ་བཟོ་རྒྱུའི་བསམ་སྦྱོར་ངན་པ་ཡོད་པ་མ་ཟད། ལྷོ་སོག་པོ་གཙོས་པའི་རྒྱ་ནག་ནང་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་ངོས་འཛིན་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ སོག་པོའི་མི་དམངས་ཀྱི་གནས་སྟངས་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་ཚན་པ་ཚོར་བཙན་ཤེད་ཀྱིས་སློབ་གསོའི་ལས་འགུལ་ནང་བཅུག་པ་དང་། ཆོས་དད་རང་དབང་དང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་བའི་རང་དབང་འཕྲོག་པ། བཙན་ཤེད་གྱིས་རང་ཁྱིམ་ནས་བྲན་གཡོག་ལྟ་བུའི་ངལ་རྩོལ་དུ་ཁྲིད་པ་ལྟར་ལྷོ་སོག་པའི་མི་དམངས་ལ་གཅིག་མཚུངས་ལག་བསྟར་བྱེད་ཀྱི་ཡོད།
ཨ་རིའི་གྲོས་ཚོགས་ནང་བོད་མི་དང་ཡུ་གུར། ཡི་ཤུ་གཙོས་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གཞན་ཚོའི་ཐོག་ལ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་པའི་དྲག་གནོན་གྱི་བྱ་སྤྱོད་ལ་སེམས་ཁྲལ་བྱེད་བཞིན་ཡོད། ཅེས་གསུངས་འདུག
གནས་ཚུལ་ནང་ཐོན་པར་གཞིགས་ན། ད་རེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྲིད་ཇུས་ཞེས་པའི་ཁྲིམས་འཆར་དེ་བཏོན་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་འཇེཕ་མརྐ་ལེ་ (Jeff Merkley) ནི་ཡུ་གུར་མི་རིགས་ཀྱི་ཆེད་དུ་ཨ་རིའི་གྲོས་ཚོགས་སུ་ཡུ་གུར་བ་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བའི་བྱ་སྤྱོད་བཀག་འགོག་ཁྲིམས་འཆར་དང་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ལུགས་འགོ་བཙུགས་གནང་མཁན་གྲས་ཡིན་པ་རེད།།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎