ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་གིས་(TikTok)་མ་བཙོང་ན་ཨ་རིའི་ནང་བཀག་སྡོམ་བྱ་རྒྱུའི་ཁྲིམས་གཞིར་མོས་མཐུན་གནང་འདུག

2025.01.17
ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་གིས་(TikTok)་མ་བཙོང་ན་ཨ་རིའི་ནང་བཀག་སྡོམ་བྱ་རྒྱུའི་ཁྲིམས་གཞིར་མོས་མཐུན་གནང་འདུག ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གི་མདུན། ༠༡།༡༧།༢༠༢༥
Getty Images

* དབྱིག་ཡིག་གི་གསར་འགྱུར།

ཕྱི་ཚེས་༡༧་གཟའ་པ་སངས་ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་མང་མོས་ཀྱི་ཐོག་ནས་གཟའ་ཉི་མ་བར་དུ་པེ་ཅིན་ཏུ་རྟེན་གཞི་བྱས་པའི་(ByteDance)་ཞེས་པའི་ཚོང་ལས་ཁང་གིས་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་(TikTok)ཊིག་ཊོག་མ་བཙོང་ན་ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུའི་ཁྲིམས་དེ་ཁྲིམས་མཐུན་ཡིན་པ་གཏན་འབེབས་བྱས་བ་དང་། དེ་ནི་ཊིག་ཊོག་དང་རྒྱ་ནག་གཞུང་བར་འབྲེལ་བ་ཡོད་པའི་སྟབས་ཀྱིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་སོང་། ཨ་རིའི་ནང་ཊིག་ཊོག་བེད་སྤྱོད་བྱེད་མཁན་ས་ཡ་བརྒྱ་དང་བཅུ་བདུན་ཡོད་པ་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པའི་སེམས་ཁྲལ་ལས་རྒྱལ་ཡོད་ལུགས་གསལ་སྟོན་གནང་འདུག
ཊིག་ཊོག་མཉེན་ཆས་དེ་བཞིན་ཟླ་འདིའི་ཚེས་༡༩་ཉིན་ཁྲིམས་ལུགས་གཞིར་བཟུང་ཨ་རིའི་ནང་བཀག་སྡོམ་བྱ་རྒྱུ་ཡིན་རུང་། དེ་བེད་སྤྱོད་གཏོང་མཁན་གྱི་ཁ་པར་ནང་མཉེན་ཆས་དེ་ཕབ་ལེན་བྱས་ཡོད་ཚེ་སྔར་བཞིན་གནས་རྒྱུ་དང༌། བེད་སྤྱོད་གཏོང་མཁན་གསར་པ་ཚོས་མཉེན་ཆས་དེ་ཕབ་ལེན་བྱེད་ཐུབ་རྒྱུ་མིན་པས་མཐར་མཉེན་ཆས་དེ་བེད་སྤྱོད་མེད་པ་ཆགས་རྒྱུ་ཡིན་ལུགས་ཆེད་མཁས་པས་བརྗོད་འདུག
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden) གྱིས་མཉེན་ཆས་དེ་བཀག་སྡོམ་བྱེད་རྒྱུ་ཕྱི་ཚེས་༡༩ཉིན་དེ་བཞིན་ཁོང་གི་སྲིད་འཛིན་གྱི་ལས་ཡུན་ཉིན་མཐའ་མ་ཡིན་པ་དང་། སྲིད་འཛིན་གསར་པ་སླེབས་ཀྱི་ཡོད་སྟབས་ཁོང་གིས་ངོས་ནས་ལག་བསྟར་བྱེད་རྒྱུ་མིན་ཅེས་དང་། ཡང་བདམས་ཐོན་སྲིད་འཛིན་ཌོལ་ནལཌི་ཀྲོརམ་(Donald Trump) ཡིས་ཕྱི་ཚེས་༢༠ཉིན་སྲིད་འཛིན་གྱི་དམ་འབུལ་དང་ལས་འཁུར་རྗེས་བཀག་སྡོམ་སྐོར་གྱི་མཐའ་མའི་ཐག་གཅོད་བྱེད་རྒྱུ་ཡིན་ཅེས་བརྗོད་འདུག
གཞན་དེ་དང་འབྲེལ་བའི་གནས་ཚུལ་ཞིག་ལ་འདི་ཚེས་༡༧ཉིན་ཨ་རིའི་བདམས་ཐོན་སྲིད་ཛིན་ཌོལ་ནལཌི་ཀྲོརམ་(Donald Trump) ཡིས་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་དང་ཞལ་པར་ཐོག་བཀའ་མོལ་ཞུས་ཡོད་པ་དང་། ཨ་རི་དང་རྒྱ་ནག་གཉིས་ཀྱིས་དཀའ་ངལ་མང་དག་ཅིག་འཕྲལ་དུ་སེལ་ཐབས་སྐོར་དང་། དེ་ཡང་ཨ་རྒྱ་གཉིས་བར་ཚོང་འབྲེལ་དང་(Tiktok)་གནད་དོན་ཅན་གྱི་སྐོར་བཀའ་བསྡུར་བྱུང་ཡོད་པ་བདམས་ཐོན་སྲིད་འཛིན་(Trump)་ཁོང་གི་སྤྱི་ཚོགས་དྲྭ་ལམ་ཐོག་སྤེལ་འདུག
འདི་ཚེས་༢༠གཟའ་ཟླ་བའི་ཉིན་(Donald Trump) ཡིས་སྲིད་འཛིན་གྱི་དམ་འབུལ་ཞུས་རྗེས་ཁོང་ལ་གདམ་ག་གང་ཡོད་མེད་གསལ་པོ་མེད་ཀྱང་ཁྲིམས་དེ་ལག་བསྟར་བྱེད་འགོ་མ་བཙུགས་གོང་དུ་ཚོང་བསྒྱུར་ཐད་ཡར་རྒྱས་ཕྱིན་ཡོད་ཚེ་དུས་ཡུན་ཉིན་གྲངས་༩༠ རིང་བཀག་སྡོམ་དེར་དུས་འགྱངས་བྱེད་ཆོག་པ་བཟོས་ཡོད། ཁྲིམས་ལུགས་གཞིར་བཟུང་ཆོག་མཆན་ཐོབ་པའི་ཉོ་མཁན་ཞིག་ལ་བཙོང་མ་ཐུབ་པར། ཀུ་ཤུ་དང་དང་གྷུ་གྷལ། དེ་མིན་གྱི་དྲ་རྒྱའི་སྣེ་ལེན་ཞབས་ཞུ་ཁག་གིས་ཊིག་ཊོག་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་དགོས་ཀྱི་ཡོད།
རྒྱ་ནག་གི་(ByteDance)་ཡིས་བཙོང་གི་མིན་ཞེས་བརྗོད་མིན་ལ་མ་བལྟོས་པར་ཨ་རིའི་ནང་གི་མ་རྩ་འཛུགས་མཁན་ཁག་ཅིག་གིས་ཊིག་ཊོག་ཉོ་འདོད་ཀྱི་རྣམ་འགྱུར་བསྟན་འདུག།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎