ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ཡིས་རྒྱ་ནག་སོགས་ལ་དངོས་ཟོག་གི་སྒོ་ཁྲལ་སྤར་འདུག
ཕྱི་ཟླ་གཉིས་པའི་ཚེས་༡་རེས་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་(Donald Trump)་ཡིས་ཁེ་ན་ཌ་དང་མེག་སི་ཀོ་ཡི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་བྱེད་པར་སྒོ་ཁྲལ་བརྒྱ་ཆ་༢༥་དང་། རྒྱ་ནག་གི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་གྱི་ཐོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་འཕར་མ་སྤར་རྒྱུའི་བཀོད་ཁྱབ་བཏང་བའི་རྐྱེན་གྱིས་ཚོང་གི་དམག་ཆེན་པོ་ཞིག་འགོ་བཙུགས་པ་ཞིག་ཏུ་གནས་ཚུལ་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། དེའི་རྐྱེན་པས་མ་རྐང་ཁྲོམ་རར་ཡང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་པོ་མཐོང་རྒྱུ་ཡོད་པའི་སྐོར་ལ་རྒྱལ་སྤྱིའི་སྲིད་ཇུས་ཉམས་ཞིབ་པ་ཚེ་དབང་རིག་འཛིན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་དུང་ཁོང་གིས་སྲིད་འཛིན་(Donald Trump)་ཡིས་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་སྐབས་དང་མང་ཚོགས་འདུ་འཛོམས་སོགས་ལ་གཏམ་བཤད་རིམ་པའི་ནང་། རྒྱ་ནག་གི་དངོས་ཟོག་ལ་དཔྱ་ཁྲལ་སྒོ་ཁྲལ་བརྒྱ་ཆ་༢༥་ནས་བརྒྱ་ཆ་༦༠ འཕར་སྣོན་རྒྱག་རྒྱུ་སོགས་ཀྱི་བཀའ་མོལ་གསུངས་ཡོད་ནའང་ད་རེས་ཁེ་ན་ཌ་དང་མེག་སི་ཀོ་ལ་སྒོ་ཁྲལ་རྒྱ་ནག་ལས་མང་བ་རྒྱབ་ནས་རྒྱ་ནག་ལ་བརྒྱ་ཆ་༡༠ ལས་མ་སྤར་བའི་སྲིད་ཇུས་འཇམ་པོ་བཟུང་བར་ངོས་འཛིན་བྱེད་མཁན་ཡོད་ཀྱང་དེ་ནི་ཁོང་གིས་འོས་བསྡུའི་དྲིལ་བསྒྲགས་སྐབས་ཁས་ལེན་བྱས་པ་ལྟར་ལག་བསྟར་བྱེད་པའི་རྣམ་འགྱུར་སྟོན་ཐབས་ཤིག་ཡིན་པ་ལས་དོན་དུ་ལས་གཞི་རིམ་པ་མུ་མཐུད་ནས་ལག་བསྟར་གནང་རྒྱུའི་འཆར་གཞི་ཡོད་པའི་ངོས་འཛིན་གནང་གི་འདུག
གཞན་སྲིད་འཛིན་(Donald Trupm)་ཡིས་སྲིད་འཛིན་ལས་དུས་དང་པོའི་སྐབས་རྒྱ་ནག་གི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་བྱེད་པར་དཔྱ་ཁྲལ་མཐོ་པོ་རྒྱབ་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་དཀའ་ངལ་དེ་དག་གི་ཉམས་མྱོང་གི་ཐོག་ནས་རྒྱ་ནག་གི་དངོས་ཟོག་ཨ་རིར་བརྒྱ་ཆ་༡༥ ཙམ་ལས་མ་བཏང་བར་རྒྱ་ནག་གི་ཁྲོམ་ར་ཨ་རིར་བརྟེན་མི་དགོས་པའི་འབད་བརྩོན་བྱེད་བཞིན་ཡོད་ཀྱང་ད་རེས་རྒྱ་ནག་གི་དངོས་ཟོག་ལ་བརྒྱ་ཆ་བཅུ་ལས་མ་སྤར་བ་དེར་ཨ་རིའི་གཞུང་གསར་པའི་དམིགས་ཡུལ་ངེས་ཅན་ཞིག་ཡིན་པ་ངོས་འཛིན་གནང་གི་འདུག
སྲིད་འཛིན་ཌོ་ནལཌི་ཊམཔ་ཡིས་བཀོད་ཁྱབ་དེ་ནི། ཁྲིམས་འགལ་གྱིས་འགྲེམས་སྤེལ་བྱེད་མཁན་དང་ནག་ཚོང་རྒྱག་མཁན་གྱི་ཚོགས་ཁག་བརྒྱུད་ནས་(Fentanyl)་ལྟ་བུའི་ཁྲིམས་འགལ་གྱི་དུག་རྫས་ཁེ་ན་ཌ་དང་མེག་སི་ཀོ་ས་མཚམས་བརྒྱུད་ནས་ཨ་རིར་ནང་འདྲེན་བྱེད་བཞིན་པའི་རྐྱེན་གྱིས་ཨ་རིའི་མི་དམངས་འཕྲོད་བསྟེན་གྱི་དཀའ་ངལ་ནང་ཚུད་པའི་རྒྱལ་ཁབ་ཀྱི་ཛ་དྲག་གནས་སྟངས་བཟོས་ཡོད་པ་གསལ་སྟོན་གནང་ཡོད་ལ། ད་དུང་བཀོད་ཁྱབ་དེ་ཡིས་། རྒྱ་ནག་གི་དཔོན་རིགས་ཚོས་ཁྲིམས་འགལ་གྱི་དུག་རྫས་རིགས་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་བྱེད་པར་དགོས་ངེས་ཀྱི་བྱ་ཐབས་ལག་བསྟར་མ་བྱས་པ་དང་ཁྲིམས་འགལ་གྱི་ཚོགས་པ་ཁག་གིས་དངུལ་ནག་ཚོང་གི་བྱ་སྤྱོད་བཀག་འགོག་བྱེད་ཐུབ་ཀྱི་མེད་པ་ངོས་འཛིན་གྱིས་དཔྱ་ཁྲལ་སྤར་བ་ཡིན་པ་རྒྱལ་སྤྱིའི་སྲིད་ཇུས་ཉམས་ཞིབ་པ་ཚེ་དབང་རིག་འཛིན་ལགས་ཀྱིས་ངོས་འཛིན་གནང་གི་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།