ཡུ་གུར་གྱི་གནད་དོན་དང་འབྲེལ་ནས་ཨ་མི་རི་ཀས་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད།

2020-07-09
གློག་འཕྲིན།
མཆན།
Share
པར་བཀོད།
ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བཞི།
ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བཞི།
སྒྲིག་བཟོ། RFA

 

ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བཞིན་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བཞི་ལ་ཨ་མི་རི་ཀའི་གཞུང་གིས་ཉེས་ཆད་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག

ཨ་མི་རི་ཀའི་གཞུང་གིས་བོད་དང་འབྲེལ་ནས་རྒྱ་ནག་གི་དཔོིན་རིགས་ཚོར་ཐོངས་མཆན་ཝི་ས་སྤྲོད་ཕྱོགས་ཐད་དམ་དྲག་གནང་རྒྱུའི་གསལ་བསྒྲགས་གནང་སྟེ་ཉིན་གཉིས་ལས་མ་སོང་བའི་རྗེས། ཕྱི་ཟླ་ ༧ ཚེས་ ༡༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བཞིན་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་བཞི་ཡི་མིང་འདོན་གནང་སྟེ། ཁོང་ཚོར་དཔལ་འབྱོར་གྱི་ཉེས་ཆད་དང་། ཨ་རིའི་ནང་ཡོང་རྒྱུའི་ཐོངས་མཆན་ལ་དམ་དྲག་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། དཔོན་རིགས་དེ་བཞི་ནི་དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་མྱོང་པ་དང་ད་ལྟ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གྲེན་ཇོན་གོའོ་(Chen Quanguo)དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཟུར་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཞོན་ཀྲུའུ་ཧཡེ་ལུན་(Zhu Hailun) དེ་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་འཛིན་གཞོན་པ་དང་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་འགན་འཛིན་གཅིག་ལྕོགས་ཝང་མེང་ཧྲན་(Wang Mingshan)དང་། ཡང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཧོའོ་ལིའུ་ཅུན་(Huo Liujun)བཅས་ཡིན་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ནས་སྤེལ་པའི་གསལ་བསྒྲགས་དེའི་ནང་། གོང་ཞུས་རྒྱ་ནག་གི་དཔོན་རིགས་བཞི་ལ་ཉེས་ཆད་གཏོང་རྒྱུ་མ་ཟད། ཁོང་ཚོ་དང་ཁོང་ཚོའི་ནང་མི་བཅས་པ་ཨ་མི་རི་ཀའི་ནང་འཛུལ་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་པ་གསུངས་འདུག་ལ། ད་དུང་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་འཇུ་བཟུང་དོ་དམ་འོག་ཡོད་པའི་ཡུ་གུར་དང་ཀཛསི། དེ་མིན་གྲངས་ཉུང་མི་རིགས་དེ་དག་ལ་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་དཔོན་རིགས་ཚོ་ལ་ཡང་ཐོངས་མཆན་ཝི་སའི་དམ་དྲག་བྱ་རྒྱུ་ཡིན་པ་གསུངས་པ་དང་། ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་བཞིན་པ་དེར་ཨ་རིའི་ངོས་ནས་འགུལ་བསྐྱོད་མེད་པར་རྩ་བ་ནས་སྡོད་རྒྱུ་མིན་པ་ནན་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བཞིན་པའི་བྱ་སྤྱོད་གསལ་བཏོན་གྱིས་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་བྱེ་བྲག་པའི་མིང་དངོས་སུ་སྨྲས་ནས་དཔལ་འབྱོར་དང་ཐོངས་མཆན་ཝི་ས་སྤྲོད་རྒྱུའི་ཐད་དམ་དྲག་གི་སྲིད་ཇུས་ལག་བསྟར་གནང་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཕྱི་ཚེས་ ༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོའི་མཚན་ཐོག་ནས། རྒྱ་ནག་གིས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་བོད་ཀྱི་ས་ཁུལ་ཁག་ནང་འགྲོ་སྐྱོད་ཐད་བཀག་འགོག་བྱེད་བཞིན་པར་བརྟེན། ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་གྱི་ཁྲིམས་ཡིག་གཞིར་བཟུང་བོད་ནང་འགྲོ་འོང་བཀག་འགོག་གི་སྲིད་ཇུས་བཟོ་མཁན་དང་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུའི་ཐོངས་མཆན་ཝི་སའི་ཐོག་དམ་དྲག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

ད་ལྟའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་གྲེན་ཇོན་གོའོ་ཡིས། དེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ཤིང་། ཁོ་པའི་ལས་ཡུན་རིང་བོད་ནང་དམ་དྲག་ཧ་ཅང་ཆེན་པོ་བྱས་ཡོད་པ་རེད། གྲེན་ནི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་ཉི་ཤུ་རྩ་ལྔའི་གྲས་ཤིག་ཀྱང་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།