རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་སྐབས་ཡུ་གུར་བའི་གནད་དོན་སྐོར་བགྲོ་གླེང་གནང་ཐུབ་མི་འདུག

2022.10.07
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་སྐབས་ཡུ་གུར་བའི་གནད་དོན་སྐོར་བགྲོ་གླེང་གནང་ཐུབ་མི་འདུག ཤར་ཏུར་ཀིསི་ཐན་གྱི་(Kashgar)་ས་གནས་ཀྱི་ཁ་ཆེ་ཆོས་ཁང་མདུན་ཉེན་རྟོག་པས་སྐོར་གཡེང་། ༢༠༡༧
AFP

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡པའི་ཐོག རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་ནང་ཡུ་གུར་མི་རིགས་རྩེད་མེད་གཏོང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐད་བགྲོ་གླེང་དགོས་མིན་འོས་བསྡུ་བྱས་པའི་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཁོངས་རྒྱལ་ཁབ་༤༧ཡོད་པ་ནས། རྒྱལ་ཁབ་༡༧གྱིས་གནད་དོན་དེ་བགྲོ་གླེང་དགོས་པ་རྒྱབ་སྐྱོར་གནང་ཞིང་། རྒྱལ་ཁབ་༡༩ཡིས་དེའི་ཐོག་གླེང་སློང་མི་དགོས་པ་བརྗོད་འདུག་པ་དང་། གཞན་རྒྱལ་ཁབ་༡༡བར་གནས་སུ་བསྡད་པར་བརྟེན། ཡུ་གུར་མི་རིགས་ཀྱི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༥༡པའི་སྟེང་གླེང་སློང་བྱུང་མེད་པའི་རྐྱེན་གྱིས། སྤྱི་ཟླ་༡༠པའི་ཚེས་༦ ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནས་ཡུ་གུར་ཁ་ཆེ་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གཞུང་གིས་ཡུ་གུར་རིགས་རྒྱུད་རྩ་མེད་དུ་གཏོང་བཞིན་པའི་གནད་དོན་ཐོག་བགྲོ་གླེང་བྱེད་རྒྱུར་ཕྱིར་འཐེན་གནང་བ་དེ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(ICC)་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ངེས་པར་དུ་འདྲི་ཞིབ་དགོས་སྐོར་ཞུ་གཏུག་བྱས་འདུག
རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བགྲོ་གླེང་དགོས་མིན་ཐད་མཉམ་འབྲེལ་རྒྱལ་ཚོགས་ནང་འོས་ཤོག་འཕངས་པའི་རྗེས། ཧྥ་རན་སི་དང་། ཉི་ཧོང་། པོ་ལན་ཌི། དབྱིན་ཡུལ། དེ་བཞིན་ཨ་མི་རི་ཀ་སོགས་རྒྱལ་ཁབ་༡༧གྱི་འཐུས་མི་རྣམས་ནས་རྒྱབ་སྐྱོར་བྱས་འདུག འོན་ཀྱང་། རྒྱ་གར་བར་གནས་སུ་བསྡད་ནས་འོག་ཤོག་ནང་མཉམ་ཞུགས་གནང་མེད་པ་རེད།
གནད་དོན་དེའི་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་གར་གསར་ཁང་(Daily Milap)་གི་རྩོམ་སྒྲིག་པ་སྐུ་ཞབས་(Rishi Suri)་ལགས་སུ་བཅར་འདྲི་བྱས་སྐབས། རྒྱ་གར་གྱི་ངོས་ནས་འོས་བསྡུ་དེའི་ནང་མཉམ་ཞུགས་མ་བྱས་པའི་རྒྱུ་མཚན་ནི། རྒྱ་གར་རང་ཉིད་ཀྱི་རྒྱལ་འབྲེལ་ཐབས་བྱུས་གཙོ་བཟུང་བྱེད་ཀྱི་ཡོད་གསལ་པོ་རེད། ད་སྐབས་རྒྱལ་སྤྱིའི་ཐོག་ནས་རྒྱ་གར་ངོས་ནས་སོ་སོའི་ཁེ་ཕན་ཆེད་དུ་ཐབས་བྱུས་སྣ་ཚོགས་ཤིག་གཏིང་མུས་རེད་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཨ་མི་རི་ཀར་རྟེན་གཞི་བྱས་པའི་བཙན་བྱོལ་གྱི་ཤར་ཏུར་ཀིསི་ཐན་སྒྲིག་འཛུགས་ཀྱི་སྐུ་ཚབ་འབུམ་རམས་པ་(Mamtimin Ala)་ལགས་ཀྱིས། རྒྱལ་ཁབ་༡༧གྱིས་རྒྱ་ནག་གི་འོག་དཀའ་སྡུག་མྱོང་བཞིན་པ་ཤར་ཏུར་ཀིསི་ཐན་གྱི་མི་མང་ཚོར་རྒྱབ་སྐྱོར་གནང་བར། ང་ཚོ་ཧ་ཅང་གི་དགའ་ཚོར་བྱུང་ཞེས་གོང་ཞུས་གསར་འགོད་གསལ་བསྒྲགས་དེའི་ནང་བརྗོད་འདུག
འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཁོངས་རྒྱལ་ཁབ་༡༩ཡི་འཐུས་མི་ཚོས། ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་མི་དགོས་པ་རྒྱབ་སྐྱོར་བྱེད་མཁན་ཕལ་ཆེ་བ་རྒྱ་ནག་དང་འབྲེལ་བ་ཡོད་པ་གོང་ཞུས་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་འཁོད་འདུག་ལ། སྐུ་ཞབས་(Rishi)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁ་ཆེའི་ཡུལ་ལུང་ཁག་ནང་རང་ཉིད་ཀྱི་ལྟ་སྤྱོད་དང་མཐུན་པའི་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་པ་རེད། ལྷག་ཏུ་དཔལ་འབྱོར་དང་རྒྱལ་འབྲེལ་ཐབས་བྱུས་ཀྱི་ཤུགས་ཆེན་པོ་སྤྲོད་མུས་ཡིན། དེའི་ནང་པ་ཀི་སི་ཐན་དེ་དཔེ་མཚོན་ཡག་ཤོས་གྲས་ཤིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ནང་ཡུ་གུར་གྱི་གནད་དོལ་ལ་རྒྱབ་སྐྱོར་མི་བྱེད་མཁན་རྒྱལ་ཁབ་ཁག་གི་ནང་ཁ་ཆེའི་ཡུལ་ལུངཧིན་རྡི་ཉི་ཤེ་ཡ་(Indonesia)་དང་། (Kazakhstan) པ་ཀི་སི་ཐན། སུའུ་ཌན་(Sudan) དེ་བཞིན་(Uzbekistan)་སོགས་ཡིན་འདུག་པ་མ་ཟད། རྒྱལ་ཁབ་དེ་དག་གི་བྱ་སྤྱོད་ཀྱིས། འཛམ་གླིང་གང་སར་གནས་པའི་ཤར་ཏུར་ཀིསི་ཐན་མི་མང་ཚོར་བློ་ཕམ་ཤུགས་ཆེར་བྱུང་ཡོད་ཅེས་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་འཁོད་འདུག
ཡང་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་(Sadia Rahman)་ ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་འགྲེལ་བརྗོད་གནང་དོན། མཉམ་འབྲེལ་རྒྱལ་ཚོགས་ནང་ཁ་ཆེའི་ཡུལ་ལུང་དེ་དག་གིས་ཡུ་གུར་མི་རིགས་ཚོར་རྒྱབ་སྐྱོར་མ་བྱས་པ་དེ་ནི་ཧ་སང་དགོས་པའི་གནད་དོན་ཞིག་མིན། ཁོང་ཚོའི་ལངས་ཕྱོགས་དེ་སྔ་བཞིན་གཅིག་མཚུངས་གནས་ཡོད། ཚང་མས་ཁ་ནས་ཆོས་དད་རང་དབང་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་། དྲང་བདེན་དང་བྲལ་ཞིང་། དཀའ་སྡུག་མྱོང་བཞིན་པའི་ཡུ་གུར་གྱི་གནས་སྟངས་སྐོར་གླེང་སྐབས། རྒྱ་ནག་ཕྱོགས་སུ་གནས་པ་ཡིན་ན། ནང་འགལ་ལྟ་བུ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བཙན་བྱོལ་དུ་ཡོད་པའི་ཤར་ཏུ་ཀིསི་ཐན་སྒྲིག་འཛུགས་ཀྱི་སྲིད་བློན་སྐུ་ཞབས་(Salih Hudayar)་ལགས་ཀྱིས། ཁ་ཆེ་གཙོ་བོ་གྱུར་བའི་རྒྱལ་ཁབ་དེ་དག་གིས་ཡུ་གུར་གྱི་གནད་དོན་ལ་རྒྱབ་སྐྱོར་མ་བྱས་བར་ཧ་ཅང་གི་བློ་ཕམ་བྱུང་ཡོད་པ་གསུང་ཞིང་། རྒྱ་ནག་གིས་བཙན་གནོན་ལ་རྒྱབ་སྐྱོར་བྱས་པ་ནི་ངོ་ཚ་དགོས་པའི་གནད་དོན་ཞིག་རེད་ཅེས་བརྗོད་འདུག
ཉེ་ལམ་འདི་ལོའི་སྤྱི་ཟླ་༨པའི་ཚེས་༣༡ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཐོབ་ཐང་ལས་དོན་ལྷན་ཁང་(Office of the United Nations High Commissioner for Human Rights)་ནས། ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དང་། བཀག་ཉར་ཁང་ནང་བཙན་གྱིས་ལག་ཤེས་སྦྱོང་བརྡར་སྤྲད་པ། དེ་བཞིན་རྒྱ་ནག་གི་ལྟ་སྤྱོད་དང་མཐུན་པའི་སློབ་ཁྲིད་བྱས་པ་སོགས་ཐེར་འདོན་བྱས་ཡོད་པ་རེད།
གཞི་རྩའི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་༤༧དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནས་འོས་བསྡུའི་ལམ་ནས་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ལོ་གསུམ་རེར་མཚམས་ལ་འོས་བསྡུ་ཐེངས་གཅིག་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎