བལ་ཡུལ་ས་མཚམས་ཏི་མུ་རེ་ནས་བོད་པ་ ༣༥ ཙམ་ཆུས་འཁྱེར་ཡོད་པ་དང་། བོད་ནང་བོད་མི་ཁྱིམ་ཚང་ཧ་ཅང་མང་པོ་ཆུས་འཁྱེར་ཡོད་པ་སྤུན་མཆེད་ཚོས་བརྗོད་བྱུང་།
བལ་ཡུལ་ཏི་མུ་རེ་ནས་ཡིན་པ་རྡ་ས་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་སྤེན་པ་ལགས་ཀྱིས། བོད་དང་བལ་ཡུལ་ས་མཚམས་སུ་བྱུང་བའི་ཆུ་ལོག་དང་འདམ་རུད་ཀྱི་གོད་ཆག་འོག་ཁོང་གི་སྤུན་ཉེ་མི་གྲངས་ ༩ ཆུས་འཁྱེར་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྤེན་པ་ལགས་ཀྱི་ཨ་ཞང་དང་ཨ་ནེ། ཚ་བོ་བཅས་ཁྱོན་མི་གྲངས་ ༩ ཆུས་འཁྱེར་བ་ལས། ཆུ་རུད་བྱུང་སྐབས་ཨ་ཞང་ལ་བུ་གཉིས་ཡོད་པ་ལས་བུ་རྒན་ཤོས་དེས་མི་ཚང་མ་ཆུ་རུད་བྱུང་བཞིན་པའི་གནས་སྐབས་སུ་བྲོས་རྩིས་བྱས་ཀྱང་། ཁོང་གི་ཕྲུ་གུ་བརྒྱབ་ཏུ་ལུས་ཡོད་པ་དེ་སྐྱོབ་ཏུ་ཕྱིན་པར། ལམ་ལྷོངས་སུ་མ་སོང་བར་བུ་རྒན་པ་དང་མནའ་མ། ཕྲུ་གུ་བཅས་གསུམ་ཀ་ཆུས་ཁྱེར་འདུག་ཅིང་། ཨ་ཅག་གཅིག་གི་ཁྱོ་ག་དེ་བྲོས་ན་བྲོས་ཐུབ་ཡོད་ཀྱང་ཁྱིམ་དུ་པ་ཕ་རྒས་ཁོག་ཅིག་ཡོད་དུས་ཆུ་རུད་བྱུང་སྐབས་སུ་པ་ཕ་འཁུར་བོ་བཞིན་དུ་འཁྱེར་མ་ཐུབ་ཙང་ཕ་བུ་གཉིས་ཀ་ཆུས་འཁྱེར་ཡོད་པའི་གནས་སྟངས་ཤིག་ཁོང་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཏི་མུ་རི་ནི་བལ་བོད་ས་མཚམས་ཀྱི་དོན་རྐྱེན་བྱུང་སའི་བལ་ཡུལ་ཕྱོགས་སུ་འཁེལ་གྱི་ཡོད་དུས་ཁུལ་དེར་དོལ་སྐྱེལ་ཅ་དངོས་དབོར་འདྲེན་དང་མོ་ཊ་སྔོག་བཤེར་སོགས་ཀྱི་ལས་ཀ་གཉེར་ནས་གཞིས་ཆགས་པ་མང་པོ་བྱུང་སྟེ། ད་ཆ་གྲོང་པ་ཆེན་པོ་ཆགས་ཡོད་འདུག
ཚབས་ཆེའི་ཆུ་ལོག་དང་འདམ་རུད་བྱུང་བའི་ཉིན་མོ་དེ་རེས་གཟའ་ལྷག་པ་འཁེལ་གྱི་ཡོད་དུས་སྐབས་དེར་བོད་མི་མང་པོ་ཞིག་ལྷག་དཀར་སྲུང་བརྩི་ཆེད་རི་མགོར་བསང་གསོལ་བཏང་བར་ཕྱིན་པའི་མི་བརྒྱད་ཙམ་ཡོད་པ་མ་གཏོགས་གཞན་ཁུལ་དེའི་གྲོང་པ་ ༡༣ ནས་མི་ཚང་མ་ཆུས་འཁྱེར་ཡོད་འདུག
ཁྱོན་ཁོང་གི་ཨ་ཞང་དང་ཨ་ནེ་གཉིས་ཀྱི་ཚ་བོ་ཚ་མོ་སོགས་ཁྱོན་མི་གྲངས་ ༩ དང་། གཞན་ཁོང་གི་ངོ་ཤེས་པ་དེ་སྔ་རྒྱུད་སྟོད་གྲྭ་ཚང་ནས་ཡིན་པ་ཞིག་གི་ཨ་མ་དང་སྤུན་ཆུང་སོགས་འབྲེལ་ཡོད་ཉེ་འབྲེལ་ ༢༦ ཆུས་འཁྱེར་ཏེ་འདས་གྲོངས་ཕྱིན་ཡོད་པ། མདོར་ན་ཏི་མུ་རེ་གཅིག་པུ་ནས་བོད་མི་ ༣༥ ཙམ་ཆུས་ཁྱེར་ཡོད་པ་ཤེས་རྟོགས་ཐུབ་ཡོད་ལ། ས་གནས་དེར་བལ་པོའི་མི་སེར་གནས་སྡོད་བྱེད་མཁན་ཡང་མང་པོ་ཞིག་ཡོད་དུས། ཁུལ་དེར་རི་སྒང་གི་ཁྱིམ་ཚང་ཁག་གཅིག་མ་གཏོགས་དེ་མིན་ཆུ་ཁར་ཡོད་པའི་གྲོང་པ་བརྒྱ་ཆ་དགུ་བཅུ་ཆུས་བསྣུབས་ཟིན་པ་བརྗོད་བྱུང་།
ཁོང་གི་ཨ་ཞང་གི་བུ་ཞིག་ཧྥ་རན་སིར་གནས་སྡོད་བྱེད་ཀྱི་ཡོད་པ་དེས་ཕ་མ་གཉིས་ཆུས་འཁྱེར་ཏེ་གྲོངས་ཟིན་པའི་གནས་ཚུལ་ཐོས་མ་ཐག ཧྥ་རན་སི་ནས་བལ་ཡུལ་དུ་ཤུག་ལྷག་ཕྲུ་གུ་ཚོར་ལྟ་རྟོགས་ཆེད་ཐོན་ཟིན་པ་གསུང་གི་འདུག
ལོ་གསུམ་བཞི་ཙམ་གྱི་རིང་སྐྱིད་གྲོང་དུ་བསྡད་མྱོང་མཁན་དགེ་འདུན་པ་སྤེན་པ་ལགས་ཀྱི་དགེ་ཕྲུག་ཞིག་གིས་ཁོང་ལ་བརྗོད་དོན་ལྟར་ན། ཆུ་རུད་བྱུང་སའི་ས་ཁུལ་དུ་དམིགས་བསལ་ཆུ་མཛོད་ཆེན་པོ་དེ་འདྲ་མེད་ཀྱང་། སྐྱིད་གྲོང་སྒང་དུ་མཚོ་ཧ་ཅང་ཆེན་པོ་ (ལེན་སྟོག)ཟེར་བ་ཞིག་ཡོད་པ་དེའི་ཐོག་འཁྱགས་རྡོ་ཉིལ་ནས། མཚོ་ཆུང་གི་ས་ཚིགས་ཆ་བརྒལ་ཏེ་ཆུ་རུད་དེ་བྱུང་བ་ཞིག་ཡིན་པའི་ཚོད་དཔག་གནང་གི་ཡོད་པ་དང་ད་ཆ་བརྒྱུད་ལམ་ཆེ་ཁག་མང་པོས་བལ་བོད་ས་མཚམས་སུ་འདམ་རུད་ཀྱི་རྐྱེན་རྩ་དེ་འཁྱགས་རོམ་ཉིལ་བར་བརྟེན་ནས་ཡིན་པའི་བརྙན་ཐུང་མང་དག་ཅིག་ཀྱང་ཐོན་བཞིན་ཡོད་པ་རེད།
ཚོད་དཔག་གནང་དོན་ལ་ཏི་མུ་རེ་གཅིག་པུར་བོད་མི་དང་གཞན་བལ་པོའི་མི་རིགས་མི་བདུན་བརྒྱ་ལྷག་ཆུས་ཁྱེར་ཡོད་པ་དང་དོན་རྐྱེན་དེ་བྱུང་སྐབས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཁུལ་དེར་ཡོད་འདུག
བོད་མང་ཡུལ་སྐྱིད་གྲོང་ནང་གི་བོད་མི་མང་པོ་ཆུས་འཁྱེར་ཡོད་པ།
བོད་ནང་སྤུན་མཆེད་དང་ནང་མི་ཡོད་པའི་བོད་མི་འབྲེལ་ཡོད་ཅིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལ། བལ་བོད་ས་མཚམས་ཀྱི་འགག་སྒོར་ཆུ་རུད་བྱུང་བ་དེའི་ས་ཚིགས་བོད་ཕྱོགས་ལ་ཁོང་གི་སྤུན་མཆེད་རྣམས་བཅའ་སྡོད་བྱེད་ཀྱི་ཡོད་པ་དང་། ཁོང་གི་ཨ་ཁུའི་བུ་དེ་ཁུལ་དེར་གཞིས་འགོ་ལྟ་བུ་ཡིན་པ་དེ་སྐྱིད་གྲོང་རྒྱལ་ས་ཁུལ་དུ་ཕྲུ་གུ་སློབ་གྲྭ་སྐྱེལ་དུ་ཕྱིན་སྐབས་ཆུ་རུད་བྱུང་སྟེ། ཁོང་གི་བཟའ་ཟླ་དང་བུ་གཅིག མནའ་མའི་ཨ་མ་བཅས་ཆུས་ཁྱེར་བ་ཙམ་མ་ཟད་བོད་ཕྱོགས་ཀྱི་འགག་སྒོའི་ཉེ་ཁུལ་གྱི་གྲོང་ཚོའི་ནང་གི་མི་ཕལ་ཆེ་བ་ཆུས་ཁྱེར་ཡོད་པ་གསུངས་བྱུང་། ཁུལ་དེར་གཞིས་ཀ་རྩེ། ལྷོ་ཁ།་དིང་རི་ཁུལ་སོགས་ནས་བོད་པ་ཧ་ཅང་མང་པོ་ལས་ཀ་བྱེད་ནས་གནས་སྡོད་བྱེད་མཁན་ཡོད་ཅིང་། ཁོང་གིས་གསུངས་ན་བརྙན་ཐུང་ནང་དུ་མི་མང་པོ་ཞིག་འགག་སྒོ་དེ་ནས་བྲོས་བཞིན་པ་དེ་དག་ཁྲོད་བོད་མི་ཧ་ཅང་མང་པོ་ཡོད་པ་གསུངས་བྱུང་།
ཁོང་གིས་གསུངས་དོན་ལ། རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱེད་པ་ལྟར་འདས་གྲོངས་སུ་གྱུར་བའི་མི་གྲངས་དེ། དྲྭ་ཐོག་ཏུ་དམ་བསྒྲགས་བྱེད་པའི་དབང་གིས་འབྲེལ་ཡོད་ནང་མིས་རྐྱེན་འདས་སུ་སོང་བའི་གྲངས་ཀ་བཤད་པར་ཧ་ཅང་གཟབ་གཟབ་བྱེད་བཞིན་པ་དང་། ཁོང་གི་ངོ་ཤེས་པ་ ༡༠ ལྷག་ཆུས་འཁྱེར་ནས་གོ་ཐོས་མེད་པ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཞིང་། མདོར་ན་ཁོང་གིས་བོད་སྐྱིད་གྲོང་ཕྱོགས་སུ་ཆུ་ལོག་དང་འདམ་རུད་རྐྱེན་པས་བོད་མི་བརྒྱ་ལྷག་ཙམ་བརྒྱ་ཆ་བརྒྱ་ཆུས་འཁྱེར་ཡོད་པའི་ཚོད་དཔག་གནང་གི་འདུག
འབྲེལ་ཡོད་ཀྱི་ནང་མི་སྐྱིད་གྲོང་དུ་ཡོད་པ་ཞིག་གིས། ཁུལ་དེར་བོད་མི་ཆུས་ཁྱེར་ཏེ་གར་སོང་ཆ་མེད་དུ་གྱུར་བ་ཧ་ཅང་མང་པོ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཕྱོགས་ཀྱི་གནོད་འཚེ་ཕོག་ཡུལ་གྱི་ས་ཁུལ་དུ་མི་རྙེད་པ་གཅིག་པུར་གཞིར་བཞག་གིས་གྲངས་ཐོ་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་གསུང་གི་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྱོར་བའི་གནས་ཚུལ་གཉིས་ཀར་གཞིགས་ཚེ། བལ་བོད་ས་མཚམས་ཀྱི་འགག་སྒོའི་ཁུལ་དུ་ལས་རིགས་གཉེར་མཁན་གྱི། བོད་ཕྱོགས་དང་བལ་ཡུལ་ཕྱོགས་ནས་བོད་མི་མང་དག་ཅིག་ཆུས་འཁྱེར་ཡོད་པ་ར་སྤྲོད་ཐུབ་པ་བྱུང་ཡོད་སྐོར་ཉེ་འབྲེལ་ནང་མི་ཞིག་གིས་བརྗོད་བྱུང་ལ། གནས་ཚུལ་ངོ་སྤྲོད་པ་ཁོང་གི་ནང་མི་ཉེ་སྤུན་གསུམ་ཡོད་པ་ཆུས་འཁྱེར་འདུག
བོད་ཕྱོགས་སུ་ཚེས་ ༢༩ བར་མི་ ༧ འདས་གྲོངས་ཕྱིན་པ་དང་མི་ ༥༥༤ གར་སོང་ཆ་མེད་དུ་ཕྱིན་པ། གནོད་འཚེའི་ས་ཁུལ་དུ་མྱུར་སྐྱོབ་མི་སྣ་མང་པོ་བཏང་ཡོད་ཀྱང་། ལམ་ཆད་པ་དང་འཕྲིན་གཏོང་ཆད་པ། གནམ་གཤིས་ཡག་པོ་མེད་པ་སོགས་ཀྱིས་གནོད་འཚེ་ས་ཁུལ་དངོས་སུ་འཛུལ་རྒྱུར་དཀའ་ངལ་བྱུང་བ་རྒྱ་ནག་གཞུང་གིས་བརྗོད་འདུག་ཀྱང་། བལ་ཡུལ་ཕྱོགས་ནས་བསྐྱོད་པའི་འབྲེལ་ཡོད་ཅིག་ཆུ་རུད་བྱུང་སྐབས་སུ་སྐྱིད་གྲོང་ཁུལ་དུ་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཉེན་སྐྱོབ་རུ་ཁག་དང་དམག་མིས་མི་འབོར་ཆེན་ཞིག་གི་ཕུང་པོ་ཁྱེར་ཡོང་སྟེ། ངོ་ཤེས་ཡོད་མེད་རྩད་གཅོད་བྱེད་བཅུག་པ་དང་། འབྲེལ་ཡོད་བོད་མི་དེས་རང་ཉིད་ཀྱི་ཕ་ཡུལ་གཅིག་པ་བོད་མི་གཉིས་འདི་གར་ངོ་རྟགས་ཆོད་ཡོད་པ་དང་། དེའི་ཁོངས་སུ་ཕུང་པོ་ཧ་ཅང་མང་པོ་དངོས་སུ་མཐོང་ཡོད་པ་འགྲེལ་བརྗོད་གནང་བྱུང་།།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
