སྐར་མ་གསུམ་གྱི་ནང་ལ་ཡོད་ཚད་འཁྱེར་བའི་ཆུ་རུད།

སྐྱིད་གྲོང་ཡུལ་མི། “དགོང་མོ་སྐད་ཆ་བཤད་དེ་བསྡད་པའི་མི་ཚོ་ཕྱི་ཉིན་མེད་པ་ཆགས་སོང་། རྨི་ལམ་འདྲ་པོ་བྱུང་།”

ཆུ་ཚོད་ ༡༠ དང་སྐར་མ་ ༥༦།

སྐྱིད་གྲོང་གི་རི་སྟེང་དུ་ཡོད་པའི་ཕྱུགས་རྫི་ཞིག་གིས་གཤམ་གྱི་ཡུལ་མིར་ཁ་པར་བཏང་ནས་ཆུ་རུད་ཡོང་བཞིན་པའི་ཉེན་བརྡ་བཏང་འདུག

འོན་ཀྱང་། སྐར་མ་གསུམ་ཙམ་ལས་མ་འགོར་བར། ཆུ་ཚོད་ ༡༠ དང་སྐར་མ་ ༥༩ ཙམ་ལ། ཁ་པར་འབྲེལ་ལམ་ཆད་པ་དང་། འདམ་དང་རྡོ། ཆུ་བོ་བཅས་མཉམ་དུ་འཕྱུར་ནས་སླེབས་པའི་ཆུ་རུད་ཀྱིས་སྐྱིད་གྲོང་འགག་སྒོའི་ཉེ་འཁོར་ཧ་ལམ་མིག་སྔ་ནས་བསུབས་ཤིང་།

“ད་གང་ཡང་ལྷག་མ་སོང་།”ཞེས་སྐྱིད་གྲོང་གི་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་བཤད་པའི་ཚིག་ཅིག་རེད།

ཁོང་གིས། “གནོད་འཚེ་མ་བྱུང་གོང་གི་དགོང་མོར་མཉམ་དུ་སྐད་ཆ་བཤད་ནས་བསྡད་པའི་མི་ཁ་ཤས། ཕྱི་ཉིན་དེར་འདས་གྲོངས་སུ་སོང་འདུག ཚང་མ་གློ་བུར་དུ་བྱུང་བས། རྨི་ལམ་ནང་བཞིན་འདུག” ཅེས་བརྗོད་བྱུང་།

འཁོར་སྐར་ནས་པར་ལེན་བྱས་པའི་ཆུ་ལོག་བྱུང་རྗེས་ཀྱི་ས་ཁྲ། ༢༠༢༦།༨།༢༦
འཁོར་སྐར་ནས་པར་ལེན་བྱས་པའི་ཆུ་ལོག་བྱུང་རྗེས་ཀྱི་ས་ཁྲ། འཁོར་སྐར་ནས་པར་ལེན་བྱས་པའི་ཆུ་ལོག་བྱུང་རྗེས་ཀྱི་ས་ཁྲ། ༢༠༢༦།༨།༢༦ (RFA)

ཡུད་ཙམ་གྱི་ནང་གྲོང་སྡེའི་རྣམ་པ་བསྒྱུར་བ།

ཟླ་༨ ཚེས་༢༦ ཉིན། བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ར་སུ་ཝ་ས་མཚམས་ཁུལ་དུ་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེ་དེ་བྱུང་ཞིང་། གནོད་འཚེ་དེས་མིའི་ཚེ་སྲོག་ཙམ་མ་ཟད། ཁང་ཁྱིམ་དང་། ལམ་ཁ། ཞིང་ཁ། ཕྱུགས་ཟོག་དང་ས་གནས་མི་མང་གི་འཚོ་བའི་རྟེན་གཞི་ཚང་མ་མེད་པ་བཟོས་ཡོད་པ་རེད།

སྐྱིད་གྲོང་འགག་སྒོའི་ཉེ་འཁོར་དུ་ཡོད་པའི་ཁང་པ་ཁག་རྩ་མེད་དུ་གྱུར་བ་དང་། སྔོན་ཆད་འགག་སྒོའི་འཁྲིས་སུ་མཐོང་རྒྱུ་ཡོད་པའི་དངོས་པོ་མང་པོ་ད་ལྟ་མཐོང་རྒྱུ་མེད་པ་ཆགས་ཡོད་པ་བརྗོད་བྱུང་ལ། གྲོང་ཚོ་དེར་ཡུལ་མི་ ༣༠ ཙམ་གནས་སྡོད་བྱེད་ཀྱི་ཡོད་འདུག་ལ། དེའི་སྔོན་ཞིག་ལ་ཆུས་ལམ་ཁ་འཁྱེར་བས་ལམ་བཟོ་བྱེད་མཁན་སྐྱིད་གྲོང་གི་ལས་མི་མང་པོ་ཞིག་ས་གནས་དེར་འཛོམས་ཡོད་འདུག

ཆུ་རུད་སླེབས་དུས། རི་བོ་ཧ་ཅང་གཟར་པོ་ཡིན་པས་མི་མང་ཚོར་བྲོས་ཐར་བའི་ལམ་ཁ་མེད་ལ། བྲོས་ཐར་བའི་དུས་ཚོད་ཀྱང་ཧ་ལམ་བྱུང་མེད་པ་འགྲེལ་བརྗོད་གནང་བྱུང་།

མི་ཤི་རྨས་དང་གར་སོང་ཆ་མེད་ཀྱི་གྲངས་འབོར་མུ་མཐུད་འཕར་བཞིན་པ།

རོའི་ཊརསི་གསར་ཁང་གིས་ཚེས་༣༠ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། བལ་ཡུལ་དུ་མི་༧༣༤ འདས་གྲོངས་དང་། མི་༢༤༩༨ གར་སོང་ཆ་མེད་དུ་གྱུར་འདུག་ལ། བོད་ནང་ཕྱི་རྒྱལ་ཡུལ་ཁག་༢༣ གྱི་མི་སེར་༢༦༡ དང་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད་འདུག མི་༧༥༡༤ སྐྱོབ་ཐུབ་ཡོད།

བོད་ཀྱི་སྐྱིད་གྲོང་རྫོང་དུ་མི་༡༦ འདས་གྲོངས་དང་། མི་༥༤༦ གར་སོང་ཆ་མེད་དུ་གྱུར་ཡོད་པ་རྒྱ་ནག་གཞུང་ཕྱོགས་ཀྱིས་བརྗོད་ཡོད། འོན་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་གིས་རྒྱ་ནག་གཞུང་གིས་ས་གནས་དེར་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པ་དང་། ལྷག་པར་དུ་གནས་ཚུལ་འགྲོ་འོང་ཐད་ཧ་ཅང་གི་དམ་དྲག་བྱེད་བཞིན་པ་དེས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པ་བརྗོད་བཞིན་འདུག

བོད་ནང་གི་བོད་མི་དེས་བརྗོད་པར་གཞིགས་ན། རྨས་མ་ཁག་སྨན་ཁང་དུ་སྐྱེལ་འདུག་ཅིང་། མི་མང་པོའི་ལག་པ་དང་རྐང་པ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད་འདུག སྤྱི་སྤྱོད་འགྲུལ་སྐྱེལ་མོ་ཊ་ཁག་ཀྱང་འདམ་གྱི་འོག་ཏུ་དིམ་ཡོད་པ་བརྗོད་བྱུང་།

སྐྱིད་གྲོང་ཁུལ་ཁང་ཁྱིམ་དང་ས་ཞིང་མེད་པ་ཆགས་ཏེ་ཕྱིར་ལོག་བྱ་ཡུལ་མེད་པ་ཆགས་པ།

གནོད་འཚེའི་རྗེས་སུ་ཉེ་འཁོར་གྱི་མང་ཚོགས་མང་པོ་མགྲོན་ཁང་ཁག་ཏུ་གནས་སྐབས་སྡོད་དུ་བཅུག་ཡོད་ཀྱང་།

ཁོང་ཚོས་རང་གི་ཁང་ཁྱིམ་ཙམ་མ་ཡིན་པར། ཞིང་ཁ། ཕྱུགས་ཟོག འཚོ་བའི་རྟེན་གཞི་ཚང་མ་ཤོར་ཚར་བ་ཡིན་ཙང་ཕྱིར་ལོག་བྱ་ཡུལ་མེད་ཆགས་པ་འགྲེལ་བརྗོད་གནང་གི་འདུག་ལ།

“མགྲོན་ཁང་ནི་ཁོང་ཚོའི་ཁྱིམ་རེད། ཁོང་ཚོ་དེར་སྡོད་འདོད་ཀྱང་ཡོད་མ་རེད། འོན་ཀྱང་ད་ལྟ་ཁོང་ཚོར་གདམ་ག་གཞན་མེད་པ་རེད།”

སྐྱིད་གྲོང་གྲོང་རྡལ་ནང་གི་དགོན་པ་གཅིག་པུ་དེར་ད་ལྟ་འདས་པོ་ཚོའི་ཆེད་མཆོད་འབུལ་དང་སྨོན་ལམ་ཞུ་མཁན་གྱིས་ཁེངས་ཡོད་འདུག

ཕྱོགས་གཅིག་ཏུ་མི་ཚོས་འདས་པོར་སྨོན་ལམ་ཞུ་བཞིན་པ་དང་། ཕྱོགས་གཞན་ནས་གར་སོང་ཆ་མེད་ཀྱི་མི་ཚོ་འཚོལ་བཞིན་པའི་གནས་སྟངས་འདིའི་འོག་གསོན་པོར་གནས་པའི་མི་ཚོ་ཧ་ལས་ཧོན་ཐོར་ནས་ལུས་ཡོད་པ་རེད།

“སྔར་གྱི་སྐྱིད་གྲོང་ཕྱིར་སླེབས་པར་ལོ་ལྔ་འགོར་སྲིད།”

སྐྱིད་གྲོང་གི་ཡུལ་མི་དེས།། གཞུང་ལམ་དང་མཁོ་བའི་རྨང་གཞིའི་སྒྲིག་བཀོད་ཚང་མ་བསྐྱར་སྐྲུན་བྱས་ནས་སྔར་གྱི་གནས་བབ་ལ་སླེབས་རྒྱུར་ལོ་ལྔ་ཙམ་འགོར་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

ཁོང་གིས་སྐྱིད་གྲོང་ནི་ཡུལ་སྐོར་བ་མང་པོ་འགྲོ་སའི་ས་ཁུལ་ཞིག་ཡིན་པ་དང་། ད་ལྟའི་དུས་ཚོད་ནི་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་མཁན་ཕྱི་རྒྱལ་བ་མང་བའི་དུས་ཚོད་དེ་ཡིན་པ་བརྗོད་ཀྱི་འདུག

སྐྱིད་གྲོང་ཡུལ་མི། “དགོང་མོ་སྐད་ཆ་བཤད་དེ་བསྡད་པའི་མི་ཚོ་ཕྱི་ཉིན་མེད་པ་ཆགས་སོང་། རྨི་ལམ་འདྲ་པོ་བྱུང་།”
སྐར་མ་གསུམ་གྱི་ནང་ལ་ཡོད་ཚད་འཁྱེར་བའི་ཆུ་རུད། ཚེས་ ༢༩ ཉིན་སྐྱིད་གྲོང་ཁུལ་དུ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པ། (CHINA DAILY/via REUTERS)

གནོད་འཚེའི་འབྱུང་རྐྱེན།

གནོད་འཚེ་འདིའི་བྱུང་རྐྱེན་ཞིབ་ཕྲ་ད་དུང་གསལ་པོ་ཆགས་མེད། ཚན་རིག་ཁག་ཅིག་གིས་འཁྱགས་རོམ་ཞུར་ནས་འཁྱགས་རྡོ་ཉིལ་བ་རྐྱེན་བྱེད་པ་ཡིན་པ་བརྗོད་བཞིན་ཡོད་ལ། རྒྱ་ནག་གི་ཚན་རིག་པས། གོ་ལའི་ཚ་དྲོད་ཚད་གཞི་ཡུན་རིང་འཕར་བས་གངས་རིའི་ཁུལ་ལ་ཤུགས་རྐྱེན་ཕོག་པ་དེ་གནོད་འཚེ་དང་འབྲེལ་བ་ཡོད་སྲིད་པ་བརྗོད་འདུག། འོན་ཀྱང་རོའི་ཊརསི་གསར་ཁང་གིས། བྱུང་རྐྱེན་ཞིབ་ཕྲའི་ཐད་ད་དུང་ཞིབ་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག

མྱུར་སྐྱོབ་གཅིག་མ་ཚར་གོང་ཉེན་ཁ་གསར་པ།

ཆུ་རུད་གོད་ཆགས་ཚབས་ཆེ་དེའི་ཉེན་ཁ་མ་ཡལ་གོང་། བལ་ཡུལ་ཕྱོགས་སུ་ཉེ་ཆར་ཆར་པ་བསྐྱར་དུ་བབས་པས་ཆུ་བོ་རྒྱས་ནས། ས་གནས་མི་མང་ཙམ་མ་ཟད། མྱུར་སྐྱོབ་ལས་དོན་མི་སྣ་ཚོ་ཡང་ས་མཐོ་སར་སྤོ་དགོས་བྱུང་ཡོད་པ་རེད།

འདམ་རྡོ་ཆུ་རུད་ཀྱིས་བཟོས་པའི་མཚེའུ་ཞིག་གི་ཉེན་ཁ་ཅུང་ཟད་ཆུང་དུ་ཕྱིན་ཡོད་ཀྱང་། དེའི་གཤམ་དུ་ས་རུད་གསར་པ་ཞིག་གིས་ཆུ་བཀག་ནས་མཚེའུ་གསར་པ་ཞིག་ཆགས་འདུག་པ་དང་། དེས་ཆུ་རུད་བསྐྱར་དུ་ཡོང་སྲིད་པའི་ཉེན་ཁ་གསར་པ་ཞིག་བསྐྲུན་པར་ཞེད་སྣང་བྱེད་བཞིན་འདུག

ལམ་ཁ་ཆུས་འཁྱེར་བ་དང་། ས་རུད་ཀྱི་ཉེན་ཁ་མུ་མཐུད་གནས་པ། ཆར་པ་བསྐྱར་དུ་འབབ་པ་བཅས་ཀྱིས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་འདུག