རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་དང་ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཙོ་བོའི་ལས་གནས་ལ་བསྒྱུར་བ་བཏང་སྟེ། ཧུའུ་ཁྲང་ཧྲེང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་དང་། མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེར་ལུའོ་ཏུང་ཁྲོན་བསྐོས་འདུག་ལ། ཡང་ཝུའུ་ཞའོ་ཅུན་ཀན་སུའུ་ཞིང་ཆེན་གྱི་དམག་ཤོག་ཚོགས་པའི་དྲུང་ཆེར་བསྐོས་འདུག
ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝང་ཅུན་ཀྲེང་གི་ལས་གནས་མཚམས་འཇོག་བྱས་པ་བརྗོད་ཡོད་པ་ལས་ལས་གནས་འཕོ་འགྱུར་དང་གནས་སྤོ་སོགས་བྱས་པའི་ཞིབ་ཕྲ་བརྗོད་མི་འདུག
གསར་དུ་བསྐོ་བཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གསར་པ་ཧུའུ་ཁྲང་ཧྲེང་ནི་ ༡༩༦༣ ལོར་སྐྱེས་པ་དང་། དེ་སྔ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ལས་ཀ་བྱས་མྱོང་ཡོད་ཅིང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ བར་དཀར་མཛེས་ཁུལ་གྱི་དམར་ཤོག་དྲུང་ཆེ་དང་། དེ་རྗེས་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དམར་ཤོག་གི་རྩ་འཛུགས་ལས་ཁུངས་ཀྱི་འགན་འཁུར་མྱོང་ཡོད་འདུག དེ་རྗེས་ཧྥུའུ་ཅན་དང་ཧེ་ལུང་ཅང་། ཀན་སུའུ་བཅས་སུ་ལས་འགན་འཁུར་མྱོང་ཡོད་འདུག
ཆོས་ལུགས་ཐད་མཚོན་ན། ༢༠༢༢ ལོ་ནས་བོད་ཀྱི་ཆོས་ལུགས་ཁོངས་སུ་རྒྱལ་ཁབ་ཀྱི་འདུ་ཤེས། མི་སེར་གྱི་འདུ་ཤེས། ཁྲིམས་ཀྱི་འདུ་ཤེས་ཞེས་པའི་འདུ་ཤེས་གསུམ་གྱི་སློབ་གསོ་རྒྱ་སྐྱེད་བཏང་བ་དང་། དགོན་སྡེའི་དོ་དམ་ལམ་ལུགས་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་གཏོང་བའི་སྲིད་ཇུས་མུ་མཐུད་སྐུལ་འདེད་བྱས་ཡོད།
ད་རེས་ཧུའུ་ཁྲང་ཧྲེང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་པའི་རྗེས་སུ་དེ་སྔོན་ཁམས་དཀར་མཛེས་དང་མཚོ་སྔོན་སོགས་བོད་ཁུལ་དུ་ལས་ཀ་བྱས་པའི་ཉམས་མྱོང་དེ་བོད་རང་སྐྱོང་ལྗོངས་ནང་སྲིད་ཇུས་ལག་བསྟར་ནང་ཇི་ལྟར་མངོན་མིན་དེ་ནི་རྗེས་སུ་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད།
གཞན་ཡང་ལུའོ་ཏུང་ཁྲོན་ནི་ད་རེས་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་པ་དང་། དེའི་སྔོན་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་འི་འགན་ཁུར་བཞིན་ཡོད། ད་རེས་ཝུའུ་ཞའོ་ཅུན་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་ལས་སྤོས་བྱས་པའི་རྗེས། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཙོ་བོའི་ལས་གནས་རྒྱུན་འཛིན་བྱས་ཡོད།
ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་གྱི་ཞིང་ཆེན་གྱི་འགོ་ཁྲིད་འགན་འཁུར་བྱས་པའི་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་དོ་དམ། གསར་སྤེལ་དང་ལྗང་མདོག་བཟོ་ལས། ལོ་ལྔ་ཚན་༡༥ཡི་འཆར་གཞི་སོགས་ལ་གཙོ་བོར་སྐུལ་འདེད་བཏང་ཡོད་པ་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག་ལ། མཚོ་བྱང་དང་མཚོ་ནུབ་སོགས་བོད་ཁུལ་ལ་ཡང་ཞིབ་བཤེར་དང་ལས་དོན་སྐུལ་འདེད་བྱས་ཡོད་འདུག

ད་རེས་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་པའི་ཝུའུ་ཞའོ་ཅུན་ནི། ༢༠༢༢ ལོ་ནས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་དང་། ༢༠༢༤ ལོའི་ཟླ་༡༢ ནས་མཚོ་སྔོན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་འགན་འཁུར་ཡོད། ཁོ་པས་ལས་འགན་ཁུར་པའི་དུས་ཡུན་རིང་མཚོ་སྔོན་གཞུང་ཕྱོགས་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་གཏོང་བ་ཟེར་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས། མི་སེར་གྱི་འདུ་ཤེས། ཁྲིམས་ཀྱི་འདུ་ཤེས་ཞེས་པའི་འདུ་ཤེས་གསུམ་ཟེར་བའི་སློབ་གསོ་སྤེལ་བ། དགོན་པ་ཁྲིམས་ལྟར་དོ་དམ་བྱེད་པ་བཅས་ཀྱི་ལས་དོན་ཤུགས་ཆེ་རུ་བཏང་ཡོད། ༢༠༢༥ ལོར་ཝུའུ་ཞའོ་ཅུན་གྱིས་ཡུལ་ཤུལ་དང་མཚོ་ལྷོ་བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་ལྟ་ཞིབ་བྱ་སྐབས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་གཏོང་བ་དང་འདུ་ཤེས་གསུམ། ཚད་གཞི་བཞི་ཟེར་བ་བཅས་ལག་བསྟར་བྱ་དགོས་པ་ནན་བརྗོད་བྱས་འདུག
ཡང་ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་གཙོ་བོའི་གྲས་སུ་ཡོད་སྐབས་ ༢༠༢༤ ལོའི་ཟླ་༧ པར་མགོ་ལོག་རྨ་ཆེན་རྫོང་གི་ར་རྒྱ་དགོན་དང་འབྲེལ་བའི་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་སྒོ་བརྒྱབ་ཡོད་ལ། འགྲོ་བ་མིའི་ལྟ་ཞིབ་ཚོགས་པས་སློབ་གྲྭ་དེ་ནི་ལོ་ ༣༠ རིང་བོད་ཡིག་དང་བོད་རིག་གནས་སློབ་ཁྲིད་བྱས་པའི་སློབ་གྲྭ་ཞིག་ཡིན་པ་དང་། དེ་དང་འདྲ་བའི་སྒེར་གཉེར་སློབ་གྲྭ་ཁག་ཅིག་ ༢༠༢༡ ལོ་ནས་བཟུང་སྒོ་བརྒྱབ་ཡོད་པར་བརྗོད་ཡོད། འདི་ནི་ཝུའུ་ཞའོ་ཅུན་གྱི་ལས་ཡུན་རིང་ཐོན་པའི་གནས་ཚུལ་ཆགས་ཡོད།
ད་རེས་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་པའི་ལུའོ་ཏུང་ཁྲོན་གྱིས་ཀྱང་དེ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་བྱེད་སྐབས་མཚོ་སྔོན་གྱི་བོད་ཁུལ་ཁག་ཏུ་ཆོས་ལུགས་དོ་དམ་དང་བརྟན་ལྷིང་སྲིད་ཇུས་ལ་སྐུལ་འདེད་བཏང་ཡོད་ལ། ༢༠༢༦ ལོའི་ཟླ་༨ པར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལྟ་ཞིབ་བྱ་སྐབས་ དགོན་སྡེར་ཁྲིམས་ལྟར་དོ་དམ་དང་། བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་དང་སྡོམ་ཁྲིམས་ལ་དུས་རབས་དང་མཐུན་པའི་འགྲེལ་བཤད་བྱེད་དགོས་པ། གྲྭ་བཙུན་དང་དད་ལྡན་མི་མང་ལ་ངོས་འཛིན་ལྔའི་སློབ་གསོ་ཤུགས་ཆེ་རུ་གཏོང་དགོས་པ་སོགས་བརྗོད་མྱོང་ཡོད།

ཡང་ད་རེས་བོད་རང་སྐྱོང་ལྗོངས་སུ་ལས་སྤོས་བྱས་པའི་ཧུའུ་ཁྲང་ཧྲེང་གིས་ ༢༠༢༢ ལོ་ནས་ཀན་སུའུ་ཞིག་ཆེན་གྱི་དྲུང་ཆེའི་འགན་ཁུར་བྱས་པའི་དུས་ཡུན་རིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་དང་། དགོན་སྡེར་ཁྲིམས་ལྟར་དོ་དམ་བྱས་པ། རྒྱལ་ཁབ་ཀྱི་འདུ་ཤེས། མི་སེར་གྱི་འདུ་ཤེས། ཁྲིམས་ཀྱི་འདུ་ཤེས་ཟེར་བའི་སློབ་གསོ་བཅས་ལག་བསྟར་ཐད་སྐུལ་འདེད་བཏང་ཡོད་ལ། ༢༠༢༥ ལོའི་ཟླ་༧ པར་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་བཅས་སུ་དགོན་སྡེ་དང་ཆོས་ལུགས་མི་སྣར་ལྟ་ཞིབ་དང་ཐུག་འཕྲད་བྱས་ཏེ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་པ་དང་། དགོན་སྡེའི་དོ་དམ་ལམ་ལུགས་གཏིང་ཟབ་རུ་བཏང་བ། གཞི་རིམ་དུ་བརྟན་ལྷིང་ལས་དོན་རྒྱ་བསྐྱེད་བཏང་བ་བཅས་བྱ་དགོས་པ་བརྗོད་ཡོད། དེའི་རྗེས་སུ་ཀན་ལྷོའི་དགོན་སྡེ་ཁག་གི་གྲྭ་བཙུན་ལ་ཧུའུ་ཁྲང་ཧྲེང་གི་གསུང་བཤད་སློབ་སྦྱོང་བྱས་པའི་གནས་ཚུལ་ཀན་སུའུ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་སྤེལ་འདུག
འོན་ཀྱང་གོང་ཞུས་དཔོན་རིགས་ཀྱིས་ལས་ཡུན་རིང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་གནས་ཚུལ་ནང་། ཀན་ལྷོ་དང་མཚོ་སྔོན་གྱི་བོད་ཁུལ་དུ་ཆོས་ལུགས་དང་སྐད་ཡིག སློབ་གསོ། བསམ་ཚུལ་བརྗོད་པ་བཅས་ལ་ཚད་བཀག་དང་ཉེས་ཆད་བཏང་བ་སོགས་ཀྱི་གནས་ཚུལ་བཀོད་ཡོད།
ད་རེས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་ཆེས་མཐོའི་དཔོན་རིགས་ལ་བསྒྱུར་བ་བཏང་ཡོད་རུང་ཚང་མ་རྒྱ་མི་རིགས་ཡིན་པ་དང་། བོད་ཀྱི་ས་ཁུལ་ཁག་ནང་བརྟན་ལྷིང་ནི་ལས་དོན་གང་འདྲ་ཞིག་ལས་གལ་ཆེ་བ་འཛིན་པའི་ལྟ་བའི་ཐོག་ནས་དམ་དྲག་གི་སྲིད་ཇུས་ལག་བསྟན་བྱེད་མཁན་གྱི་དཔོན་རིགས་ཡིན་པར་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་བཞིན་འདུག་ལ། བོད་ཁུལ་དུ་ལས་ཀའི་ཉམས་མྱོང་ཡོད་པའི་ཐོག་ནས་དེ་བས་བོད་ཁུལ་དུ་ཆོས་ལུགས་ལ་དམང་དྲག་དང་བོད་སྐད་ཡིག་དང་བོད་མིའི་ངོ་བོར་བསྒྱུར་བ་བཏང་པའི་སྲིད་ཇུས་དེ་བས་གཏིང་ཟབ་པ་སྤེལ་སྲིད་པའི་སེམས་འཚབ་བྱེད་མཁན་ཡང་ཡོད་འདུག
