རྒྱ་ནག་གི་གནོན་ཤུགས་འོག་བཙན་བྱོལ་ནང་གི་བོད་རིག་པ་བ་ཞིག་གིས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༡༧ ཐོག་ཚོཊ་བཅར་ལས་ཕྱིར་འཐེན་བྱས་འདུག
བལ་ཡུལ་དུ་ཚོགས་རྒྱུའི་བོད་རིག་པའི་བགྲོ་གླེང་གི་ཚོགས་འདུར་བཙན་བྱོལ་བོད་མིའི་ཉམས་ཞིབ་པ་མཉམ་ཞུགས་བྱེད་རྒྱུར་རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་ཕྱི་སྲིད་དྲུང་ཆེར་གནོན་ཤུགས་སྤྲད་པ་དང་། བཙན་བྱོལ་ནང་ནས་བོད་རིག་པ་བ་དང་ཉམས་ཞིབ་པས་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་སྒྲིག་འཛུགས་དང་མི་སྒེར་ཇི་ཙམ་ལ་མགྲོན་བརྡ་འབྱོར་མིན་དང་དངོས་སུ་འགོག་རྐྱེན་ཇི་ཙམ་ཆགས་ཡོད་མེད་ཁ་གསལ་མི་འདུག
འོན་ཀྱང་ཚོགས་འདུ་འདིའི་ཐོག་མཉམ་ཞུགས་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས། བོད་རིག་པའི་ཚོགས་འདུ་དེ་བཞིན་རྒྱལ་སྤྱིའི་སྟེང་ཚོགས་འདུ་ཆེ་ཤོས་ཞིག་ཆགས་ཀྱི་ཡོད་པ་མ་ཟད། སོ་སོའི་ཉམས་ཞིབ་ལ་དཔག་པས་གྲུབ་འབྲས་འདོན་སའི་ས་ཆ་གལ་ཆེ་ཞིག་ཆགས་ཀྱི་ཡོད་ན་ཡང་ད་རེས་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་བདེ་བའི་ས་གནས་བལ་ཡུལ་ནང་རྒྱ་ནག་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་ཡོད་པར་བརྟེན་ནས་ཁོང་མོ་རང་ངོས་ནས་ཕྱིར་འཐེན་བྱས་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་རིག་པའི་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་དང་། བལ་ཡུལ་ཕྱི་སྲིད་དྲུང་ཆེ། བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བཅས་ལ་ཡིག་ཐོག་ནས་འབྲེལ་བ་ཐེངས་གསུམ་ཞུས་ཏེ་རྒྱ་ནག་གཞུང་གིས་བལ་ཡུལ་ཕྱི་སྲིད་ལས་ཁུངས་སུ་གནད་དོན་གང་ཞིག་གི་ཐོག་ལ་ཤུགས་རྐྱེན་སྤྲད་ཡོད་མེད་དང་། གོ་སྒྲིག་ཚོགས་ཆུང་ལ་འདིའི་ཐད་ལན་འདེབས་གནང་རྒྱུ་ཇི་ཡོད་སོགས་བཀའ་འདྲི་ཞུས་པར་ལན་འདེབས་འབྱོར་མ་བྱུང་།
བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པས་ཉེ་ལམ་བལ་ཡུལ་ཕྱི་སྲིད་དྲུང་ཆེ་དང་ལྷན་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་མཇལ་ཕྲད་ཀྱིས་བོད་རིག་པའི་ཚོགས་འདུའི་ཐོག་༧གོང་ས་མཆོག་གི་རྗེས་འཇུག་པ་ཚོའི་ཤུགས་རྐྱེན་མ་སླེབས་པ་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཤེས་རྟོགས་བྱུང་པར་གཞིགས་ན། ཚོགས་འདུ་འདིའི་ཐོག་རྒྱ་ནག་གིས་ཆེད་གཏོང་མི་སྣ་ཐེ་བའི་རྒྱལ་ཁབ་ ༣༩ ནས་ཚོགས་བཅར་བ་ ༧༠༠ ཙམ་བཅར་གྱི་ཡོད་པའི་གནས་ཚུལ་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བཙན་བྱོལ་བོད་མིའི་ཐོག་ལ་དྭོགས་ཟོན་ཆེན་པོ་བྱེད་བཞིན་པ་འདི་ནི་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱས་ཏེ་རྒྱལ་མཚམས་བརྒལ་བའི་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་པའི་མཇུག་འབྲས་ཤིག་ལ་ངོས་འཛིན་གནང་གི་འདུག
ཁོང་གིས་ད་དུང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་དེ་བཞིན་རྒྱལ་སྤྱིའི་ནང་དེ་སྔ་ཐེངས་༡༦ ཚོགས་ཟིན་པ་དང་མ་འོངས་པར་ཡང་ཚོགས་རྒྱུ་ཡིན་ཞིང་། ཚོགས་འདུ་འདིའི་ཐོག་རྒྱལ་སྤྱིའི་ཁྱོན་ཡོང་ནས་མཁས་དབང་དང་ཉམས་ཞིབ་པ་འདུ་འཛོམས་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་དང་རྩ་ཆེན་ཞིག་ཆགས་ཀྱི་ཡོད་པས་རྒྱ་ནག་གཞུང་ཕྱོགས་ནས་འདིའི་ཐོག་ཆབ་སྲིད་ཀྱི་ཀུན་སློང་ཁྱེར་ནས་ཐེ་བྱུས་དང་གནོན་ཤུགས་སྤྲོད་པ་དེར་སྐྱོན་བརྗོད་གནང་སོང་།
བལ་ཡུལ་གྱི་གསར་འགོད་པ་གྷ་ཇེན་དྲ་ སྦསི་ནེཊ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཚོགས་འདུ་འདི་འབྲེལ་གྱི་བཀའ་མོལ་གནང་པའི་ནང་། ངའི་བསམ་པར་རྒྱ་ནག་གི་བོད་ཐོག་ཐེ་བྱུས་བྱེད་རྒྱུ་དེ་གནས་དོན་གསར་པ་ཞིག་མ་རེད། རྒྱ་ནག་རྒྱལ་ཁབ་ཀྱི་གཅིག་སྒྲིལ་དང་རྒྱལ་སྲུང་གིས་ཆེད་དུ་བོད་ཀྱི་གནད་དོན་དེ་ཚོར་ཧ་ཅང་རྣོ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སོང་ཙང་རྒྱ་ནག་གིས་བོད་དོན་དང་འབྲེལ་བའི་གནས་དོན་གང་འདྲ་ཞིག་ཡིན་རུང་དེ་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་དེ་རང་བཞིན་རེད་ཅེས་གསུང་གི་འདུག
འོན་ཀྱང་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་ཇི་ཙམ་སྒུར་མིན་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་བོད་རིག་པ་བའི་ཚོགས་འདུ་དངོས་སུ་ཚོགས་པའི་སྐབས་ཤེས་རྟོགས་ཡོང་རྒྱུ་ཡིན་པ་རེད།།
ཁ་སྣོན་གསར་འགོད། བདེ་སྐྱིད་ཀུན་སྒྲོལ།
བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།
