འབྲུག་ཡུལ་དུ་འཁྱགས་རོམ་གྱི་མཚོ་ཆུང་གས་དེ་གློ་བུར་ཆུ་ལོག་གི་ཁྲོད་མིའི་ཚེ་སྲོག་ཤོར་མེད་ཀྱང་ཆུ་ཟམ་འཁྱེར་བ་སོགས་བྱུང་འདུག
ཕྱི་ཟླ་ ༡༠ ཚེས་ ༢༩ དགོང་དྲོ་ཕྱག་ཚོད་ ༨་༡༥ ཙམ་ལ་འབྲུག་ཡུལ་ནང་གིས་རི་བོ་ཝ་ཀི་ལའི་ཤམ་འོག་དུ་ཆགས་པའི་ཤིན་ཏ་ཕུའི་འཁྱགས་རོམ་གི་མཚོ་ཆུང་གད་ནས་འབྲུག་ཡུལ་ནང་གི་སྒ་ས་དང་སྤུ་ན་ཁ་རྫོང་ཁོངས་སུ་གློ་བུར་དུ་ཆུ་ལོག་གི་གནོད་འཚེ་བྱུང་ནས་ཟམ་པ་ཁག་ཅིག་ཆུས་འཁྱེར་བ་དང་། སྡོད་ཁང་མང་པོར་གནོད་འཚེ་བྱུང་ན་ཡང་། མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་གང་ཡང་བྱུང་མེད་པ་འབྲུག་རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་དཔྱད་རིག་ལས་ཁུངས་ (Bhutan’s National Center for Hydrology and Meteorology and Sarpang Dzongkhag) ཀྱི་འབྲེལ་ཡོད་ལས་བྱེད་ཀརྨ་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། ཀརྨ་བསྟན་འཛིན་ལགས་ཀྱིས། “ད་རེས་ཆུ་ལོག་གིས་རྐྱེན་པས་གནོད་འཚེ་ཆེན་པོ་བྱུང་མ་སོང་ལ་མིའི་ཚེ་སྲོག་ཡང་ཤོར་མ་སོང་། ཆུ་ལོག་བྱུང་ཡུལ་ས་གནས་དང་དགེ་ལེགས་ཕུག་རྫོང་གཉིས་ཀར་ཁ་ཕྱོགས་ཁག་ཁག་ཡིན་དུས་ཆུ་ལོག་རྒྱུག་ཡུལ་དེ་ད་ལྟ་མཆོད་རྟེན་ ༡༠༨ བཞེངས་སའི་ས་ཆ་ནས་ཐག་རིང་པོ་ཆགས་ཀྱི་ཡོད་པ་རེད་“ ཅེས་གསུངས་སོང་།
ཡང་རང་གི་བདེ་འཇགས་ཆེད་མཚན་བརྗོད་འདོད་མེད་པའི་ས་གནས་ཡུལ་མི་ཞིག་གིས། ཆུ་ལོག་གིས་དོན་རྐྱེན་བྱུང་མ་ཐག་འབྲེལ་ཡོད་ལས་བྱེད་ཚོས་ཆུ་རྒྱུག་ཡུལ་གྱི་གཤམ་འོག་ཏུ་གནས་སྡོད་བྱེད་མཁན་ཡུལ་མི་ཚོར་ས་མཐོ་ས་དང་བཙན་སར་གནས་སྤོ་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད།འབྲུག་གཞུང་དང་རྒྱ་གར་ནུབ་སྦང་གྷལ། ཨ་སམ་མངའ་སྡེ་གཞུང་ཕྱོགས་ནས་ཀྱང་དུས་ཐོག་ཏུ་ཆུ་ལོག་གི་ཤུགས་ཚད་དང་དེའི་གནོད་སྐྱོན་ཐད་དཔྱད་ཞིབ་གནང་མུས་ཡིན་འདུག
དེ་བཞིན་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་རྣམ་གཉིས་ནས་ཀྱང་ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་ས་ཁུལ་ཁག་དུ་གཟིགས་ཞིབ་གནང་ཡོད་འདུག
ད་ལྟའི་ཆར་ཆུ་ལོག་གིས་རྐྱེན་པས་ས་རུད་དང་གཞུང་ལམ་ཆད་པ། དེ་བཞིན་འབྲུག་སྤུ་ན་ཁ་ནང་ལྕག་ཟམ་གཉིས་ཆུས་འཁྱེར་པ་ཙམ་ལས་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་གཅིག་ཀྱང་བྱུང་མི་འདུག
འབྲུག་དགེ་ལེགས་ཕུར་བོད་པའི་བླ་ཆེན་རྣམ་པ་གདན་འཛོམས་ཏེ་མཆོད་རྟེན་ ༡༠༨ བཞེངས་གསོལ་གྱི་མཛད་སྒོ་ཚོགས་ཡུལ་ནི་ཆུ་ལོག་བྱུང་ཡུལ་ནས་ཁ་ཕྱོགས་གཞན་དུ་ཡོད་པས་ཁུལ་དེར་ཕེབས་ལམ་སོགས་ལ་གནོད་འཚེ་གང་ཡང་བྱུང་མི་འདུག
ཁ་སྣོན་གསར་འགོད། སྒྲོལ་དཀར།
བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།
